༧གོང་ས་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ ༡༣ འཁོར་བའི་དུས་དྲན་མཛད་སྒོར་སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་སྐུ་མགྲོན་གཙོ་བོར་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༧ ཉིན་ཨ་རི་མི་ནི་སོ་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ ༡༣ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ངང་ཚོགས་གནང་འདུག

དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་དང་། དམིགས་བསལ་སྐུ་མགྲོན་ཨ་བོང་རིན་པོ་ཆེ་མཆོག་གིས་དབུས་པའི་ཆོས་ཚོགས་ཁག་གི་སྐུ་ཚབ། དེ་བཞིན་སྐུ་མགྲོན་དུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ས་གནས་རྒྱུན་ཟུར་རྣམ་པ་བཅས་འདུ་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་རྒན་ཡི་སྟོབས་ལགས་ཀྱི་དབུ་མཛད་ནས་༧རྒྱལ་བའི་ཞབས་བརྟན་གསུང་འདོན་གནང་བ་དང་བསྟུན། སྐུ་མགྲོན་གཙོ་བོ་མཆོག་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ངག་དབང་འཆི་མེད་ལགས་རྣམ་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་དང། གཞན་སྐུ་མགྲོན་རྣམས་ནས་མཇལ་དར་ཕུལ་རྗེས། རྟེན་འབྲེལ་གྱི་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཚེ་དབང་རིག་འཛིན་མཆོག་གིས་གསུང་བཤད་གནང་དོན། བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས་དེ་རིང་འདིར་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༡༣ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུ་བཞིན་པའི་ཐོག་ཕེབས་པའི་ཨ་བོང་རིན་པོ་ཆེ་མཆོག་གིས་དབུས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དབུས་པའི་རྒྱུན་ལས་ལས་ཟུར། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། དྲྭ་རྒྱ་བརྒྱུད་ཐད་གཏོང་གཟིགས་མཁན་ཚང་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་གི་ཉིན་མོ་ནི་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༡༣ འཁོར་བའི་ལོ་རྒྱུས་རང་བཞིན་དང་སྐལ་བཟང་གི་ཉིན་མོ་ཞིག་ཡིན་པར་སོང་བོད་འབངས་ཡོངས་ནས་དགའ་སྤྲོ་དང་སྤོབས་པ་བྱེད་དགོས་པའི་ཉིན་མོ་ཞིག་ཡིན། ༧གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོ་བོད་དང་བོད་མིའི་ཆེད་སྐུ་ལས་བསྐྱོན་དང་སྐྱོན་མུས་ཡིན་པ་ང་ཚོ་ཚང་མས་དེ་རིང་དུས་དྲན་ཙམ་མ་ཡིན་པར་རྟག་ཏུ་བཀའ་དྲིན་རྗེས་དྲན་དགོས་པ་མ་ཟད། ལྷག་པར་དུ་འཚར་ལོངས་བྱུང་བཞིན་པའི་མི་རབས་གསར་པ་ཚོས་ཀྱང་༧གོང་ས་མཆོག་གི་བཀའ་དྲིན་ཤེས་དགོས་པ་བཟོ་རྒྱུ་གལ་འགངས་ཆེན་པོ་ཡིན། དེ་བཞིན་༧རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་དང་། བྱམས་བརྩེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་སོགས་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་རྒྱ་གང་ཆེ་གནང་དགོས། ༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་བརྟན་བཞུགས་ཡག་ཤོས་ནི་མགོན་པོ་གང་གི་བཀའ་སློབ་ལག་བསྟར་གནང་དགོས་པ་དེ་ཡིན་སྟབས། ང་ཚོས་བོད་མིའི་ངོ་བོ་སྲུང་སྐྱོབ་སླད་བོད་ཕྲུག་ཚོར་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་བསླབས་ནས་ཡ་རབས་བཟང་སྤྱོད་ལྡན་པའི་མི་རིགས་གསོ་སྐྱོང་བྱེད་དགོས། འདི་ལོ་ནི་བོད་མིའི་སྒྲིག་འཛུགས་ནས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པར་སོང་བོད་རིགས་སྤྱི་མཐུན་ཚོགས་པས་དེ་འབྲེལ་ལས་འཆར་བཀོད་སྒྲིག་གནང་རྒྱུ་གལ་ཆེན་པོ་ཡིན། དེ་བཞིན་ཨ་རིའི་གྲོས་ཚོགས་ནས་༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་གནང་བར་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཉེ་བའི་ཆར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྒྱ་ནག་གི་གསང་ཉུལ་བ་ཞིག་འཛིན་བཟུང་དང་འབྲེལ་བའི་ཐོག རྒྱ་ནག་གཞུང་གིས་རྟག་ཏུ་ཐབས་ཤེས་འདྲ་མིན་བརྒྱུད་ང་ཚོའི་ཆིག་སྒྲིལ་ལ་དོ་ཕོག་དང་། སྤྱི་ཚོགས་ནང་ལྷིང་འཇགས་མེད་པ་བཟོ་རྒྱུའི་ངན་བྱུས་ལ་བོད་མི་རེ་རེའི་ངོས་ནས་གདོང་ལེན་གྱིས་ངན་བྱུས་དེ་དག་ལམ་ལྷོངས་མེད་པ་བཟོ་དགོས། ཉིན་ཤས་སྔོན་ཨ་རིིའི་ཕྱི་སྲིད་ལས་ཁུངས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བར། ཕྱི་སྲིད་དྲུང་ཆེ་མེ་ཡི་ཀི་པོམ་པེའོ་ (Mike Pompeo) མཆོག་གིས་དབུས་པའི་འབྲེལ་ཡོད་ཚང་མར་ངས་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞན་ཡང་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྒྱལ་གཅེས་དཔའ་བོ་སྟག་སྣ་འཇིགས་མེད་བཟང་པོ་ལགས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དམ་པ་ཁོང་གིས་དབུས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཞུ་རྒྱུ་དང་། ཆབས་ཅིག་ད་ལྟ་རྒྱའི་བཙོན་ཁང་ནང་དཀའ་སྡུག་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། གཞིས་བྱེས་མཉམས་འཛོམས་མགྱོགས་ནས་མྱུར་དུ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་འདུག

གཞན་ཡང་མཛད་སྒོའི་ཐོག་ཁང་པ་ཉོ་ཚོང་གི་ཆེད་ལས་པ་སྐལ་བཟང་སྐྱོ་ལགས་ནས་སྤྱི་ཁང་གསར་ཉོའི་ཐད་མཐུན་འགྱུར་གང་ལེགས་གནང་བ་དང་། ཆེད་ལས་ཀྱི་ཞབས་གླ་ཡོངས་རྫོགས་སྤྱི་མཐུན་ཚོགས་པར་ཞལ་འདེབས་གནང་བར་བརྟེན། སྤྱི་མཐུན་ཚོགས་པའི་ཚོགས་གཙོས་ཁོ་མོར་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་གནང་རྗེས། སྐལ་བཟང་སྐྱོ་ལགས་ཀྱིས་སྤྱི་ཁང་གསར་ཉོའི་ཐད་ཉམས་མྱོང་དང་། ས་གནས་མི་མང་ནས་དངོས་ཤུགས་བརྒྱུད་གསུམ་ཐོག་ནས་སྤྱི་ཁང་བསྐྱར་གསོའི་ཆེད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག

དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་བསམ་གཏན་ཆོས་སྒྲོན་ལགས་དང་། ཚོགས་ཟུར་ཚེ་དབང་དངོས་གྲུབ་ལགས་རྣམ་གཉིས་ནས་མི་ནི་སོ་ཊ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་དང་ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་ཁེ་རོ་ལིན་ལན་ (Senator Carolyn Laine) མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་། ད་བར་བོད་དོན་ཐོག་རྒྱབ་སྐྱོར་གང་གནང་བ་རྣམས་འགྲེལ་བརྗོད་གནང་རྗེས། སྐུ་མགྲོན་གཙོ་བོ་མཆོག་གིས་ལྕམ་སྐུ་ཁོང་ལ་གཟེངས་བསྟོད་ཀྱི་ཕྱག་རྟགས་ཤིག་ཁོང་གི་སྐུ་ཚབ་བརྒྱུད་འབུལས་བཞེས་གནང་ཡོད་འདུག

དེ་ནས་མཛད་སྒོའི་རྟེན་འབྲེལ་གྱི་གཞས་སྣ་ཁག་གཟིགས་འབུལ་ཞུས་རྗེས། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་གནང་ཡོད་པ་བཅས།