
༄༅། །དེ་རིང་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ ༦༥ ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩི་ཞུ་བའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་བཅས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ། དྲུང་ཆེ་དང་འགན་འཛིན་རྣམ་པ། ཕྱི་ནང་གི་སྐུ་མགྲོན་རྣམ་པ། བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་མཆོག་དང་། འགན་འཛིན་སློབ་སྤྱི་དགེ་ལས་རྣམ་པ། བརྩེ་བའི་སློབ་ཕྲུག་རྣམ་པ། རྒྱ་ཆེའི་མང་ཚོགས་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

བོད་ཕྲུག་ཁྱིམ་སྡེ་འདི་བཞིན་ཐོག་མར་ཕྱི་ལོ་ ༡༩༦༠ ལོར་རྒྱ་གར་འཕགས་པའི་ཡུལ་གྱི་སྐབས་དེའི་པཱན་ཇབ་མངའ་ཁོངས་རྡ་རམ་ས་ལར་དབུ་བརྙེས་ཏེ་དེ་རིང་མི་ལོ་ཧྲིལ་པོ་ ༦༥ འཁོར་བཞིན་ཡོད། དེ་ཡང་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་གིས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་དྲག་པོས་དབང་འཛིན་བྱས་པར་བརྟེན། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་སྟེ་བོད་མི་རྣམས་གཞིས་བྱེས་གཉིས་སུ་གྱར་དགོས་པའི་ཡིད་སྐྱོའི་གནས་ཚུལ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་དཀའ་སྡུག་ཆེ་ཤོས་ཀྱི་ལེའུ་ཞིག་ཏུ་གྱུར་ཡོད། སྐབས་དེར་༸གོང་ས་མཆོག་གིས་བོད་མི་རིགས་རིག་གཞུང་དང་བཅས་པ་འཛམ་གླིང་འདིའི་སྟེང་གསོན་གནས་ཐུབ་ཐབས་སུ། མ་འོངས་བོད་ཀྱི་སོན་རྩ་བོད་ཕྲུག་རྣམས་ལ་གནའ་དེང་གཉིས་ཀྱི་ཤེས་ཡོན་སྤྲོད་རྒྱུ་དེ་བཞིན་གལ་ཆེ་ནང་ནས་དོན་ཆེན་དུ་དགོངས་ཏེ་སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་གི་གཟིགས་རྟོག་འོག་ཐོག་མར་བུ་བཅོལ་ཁང་ཞིག་དབུ་འཛུགས་གནང་བ་དེ་བཞིན་དེང་གི་ཆར་རྡ་ས་བོད་ཕྲུག་ཁྱིམ་སྡེ་འདི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རླབས་ཆེའི་དགོངས་གཞི་དང་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་པའི་ནང་ནས་གལ་འགང་ཆེ་ཤོས་ཀྱི་ཤེས་ཡོན་སྡེ་ཚན་ཞིག་ཏུ་གྱུར་ཡོད།
དེ་ཡང་ཐོག་མར་བུ་བཅོལ་ཁང་ཆུང་ངུ་ཞིག་ནས་འགོ་འཛུགས་ཀྱིས་རྗེས་སུ་སློབ་ཕྲུག་གི་གྲངས་འབོར་དང་དགོས་མཁོའི་མཐུན་རྐྱེན་སོགས་རིམ་པས་གཞི་རྒྱ་ཆེ་རུ་སོང་སྟེ་ད་ལྟའི་སློབ་སྦྱོང་གི་མཐུན་རྐྱེན་ཆ་ལག་ཚང་བ་ཞིག་ཏུ་གྱུར་པ་རེད། འདས་པའི་ལོ་བཅུ་ཕྲག་མང་པོའི་ནང་༸སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་དང་གཅུང་མོ་གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ཀྱིས་གཙོས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་རིམ་ཕེབས་དང་། དགེ་ལས་ཟུར་པ་དང་ལས་ཐོག་རྣམ་པ་ཡོངས་ནས་ངལ་བ་ལྷུར་བཞེས་ཀྱིས་འབད་བརྩོན་རྒྱུན་མཐུད་གནང་བའི་ཉེར་ལེན་ལ་བརྟེན་ནས་ད་ཆ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་ནས་འདབ་གཤོག་གཉིས་ལྡན་གྱི་ན་གཞོན་ཇེ་མང་སློབ་སྦྱོང་ལེགས་ཐོན་གྱིས་རང་རེའི་བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པའི་ནང་དང་། སྤྱི་ཚོགས་ཀྱི་ཚོགས་པ་དང་སྡེ་ཚན་འདྲ་མིན་ནང་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སོགས་ལས་རིགས་སྣ་ཚོགས་ཐོག་ཞབས་ཕྱི་ཞུ་བཞིན་ཡོད་པ་འདི་དག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་སྔོན་གཟིགས་ཀྱི་མཛད་ཐབས་མངོན་དུ་གྱུར་པ་ཞིག་ཡིན་པས། རང་རེ་ཚང་མས་དགའ་སྤོབས་དང་བཀའ་དྲིན་བསམ་ཤེས་ཐུབ་པ་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། དེར་བརྟེན་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་༸སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་དང་། གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ཀྱིས་གཙོས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་རིམ་ཕེབས་དང་། དགེ་ལས་ཟུར་པ་དང་ལས་ཐོག་རྣམ་པ། དེ་བཞིན་ཕྱི་ནང་སྤྱི་སྒེར་རོགས་ཚོགས་ཁག་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

ཤེས་ཡོན་ནི་མིའི་མི་ཚེ་དོན་དང་ལྡན་པ་ཡོང་ཐབས་ཙམ་དུ་མ་ཟད་རྒྱལ་ཁབ་འཛུགས་སྐྲུན་དང་ཡར་རྒྱས་གཏོང་ཐུབ་པའི་ལག་ཆ་ནུས་ལྡན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། འདབ་གཤོག་གཉིས་ལྡན་གྱི་བོད་ཕྲུག་ཤེས་ཡོན་ཅན་དུ་མ་འཚར་ལོངས་ཡོང་ཕྱིར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དང་ཡན་ལག་བོད་ཁྱིམ་ཚང་མའི་ནང་ཟས་གོས་གནས་མལ་སོགས་གང་ཅིའི་མཐུན་རྐྱེན་དང་ཁོར་ཡུག་བཟང་པོ་ཞིག་བསྐྲུན་གནང་ཡོད་པར་བརྟེན། སློབ་ཕྲུག་རྣམས་ཀྱི་ངོས་ནས་ཀྱང་སློབ་སྦྱོང་ལ་ཧུར་བརྩོན་བྱ་རྒྱུ་དང་། ཡ་རབས་སྤྱོད་བཟང་གོང་སྤེལ་སོགས་སློབ་གྲྭའི་ཉིན་རེའི་བྱེད་སྒོ་མཐའ་དག་ཐོག་འབད་བརྩོན་ལྷོད་མེད་གནང་དགོས། ང་ཚོ་བཙན་བྱོལ་ནང་བོད་པའི་སློབ་གྲྭ་ཁག་ཟུར་འཛུགས་དགོས་པ་རྒྱུ་མཚན་གཙོ་བོ་ནི་བོད་མི་རིགས་དང་། བོད་ཀྱི་སྐད་ཡིག ཆོས་དང་རིག་གཞུང་བཅས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱས་ཏེ་བོད་ཀྱི་བདེན་མཐའ་མ་གསལ་བར་བཙན་བྱོལ་དུ་ནམ་གནས་རིང་མི་རེ་ངོ་རེས་སོ་སོར་འཁྲི་བའི་ལས་འགན་རེ་ཡོད་པ་བསྒྲུབ་ཐུབ་པ་བྱ་རྒྱུ་དེ་ཡིན།
བཙན་བྱོལ་དུ་ཡོད་པའི་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་དང་། ཆོས་རིག་གཞུང་སྦྱང་སྤྱོད་དང་འགྲོ་འདུག་སྤྱོད་གསུམ་སོགས་ཀྱི་རང་དབང་ཆ་ཚང་ཡོད། མཐུན་རྐྱེན་ཡང་ཆ་ཚང་བསྐྲུན་གནང་ཡོད་པར་བརྟེན་བསོད་ནམས་ཆེན་པོ་དང་སྐྱིད་པོ་ཡིན་པ་མཁྱེན་དགོས། རང་བཙན་ཡོད་པའི་རྒྱལ་ཁག་གི་ནང་དུའང་སོ་སོའི་མི་སེར་ལ་ཤེས་ཡོན་གྱི་གོ་སྐབས་མེད་པ་དེ་འདྲ་མཐོང་རྒྱུ་ཡོད། ང་ཚོའི་བོད་ཕྲུག་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་སློབ་ལོ་མ་ཟིན་བར་དུ་བུ་བཅོལ་ཁང་གི་མཐུན་རྐྱེན་དང་། སློབ་ལོ་ཟིན་མ་ཐག་སློབ་བསྐྱོད་ཆོག་ཆོག སློབ་ཐོན་རྗེས་མཐོ་སློབ་སློབ་ཡོན་གྱི་རོགས་སྐྱོར། མཐོ་སློབ་ཐོན་རྗེས་སོ་སོས་མ་འཇོན་མ་བྱས་པའི་གནས་ཚུལ་ལྷག་ན་མ་གཏོགས་ལས་ཀའི་གོ་སྐབས་ཀྱི་སྒོ་མོ་གང་སར་ཕྱེས་ནས་བཞག་ཡོད། དེར་བརྟེན་སློབ་ཕྲུག་རྣམས་ནས་སོ་སོའི་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བརྒྱ་ཆ་བརྒྱ་ལོངས་སྤྱོད་ཐུབ་པ་ཡིན་ན། ང་ཚོའི་སྤྱི་ཚོགས་ནང་བོད་རིགས་ཤེས་ཡོན་ཅན་མང་པོ་སྐྱེད་སྲིང་ཡོང་ཐུབ་པ་དང་དེའི་ཐོག་ནས་བོད་མི་རིགས་སྐད་ཡིག་རིག་གཞུང་སོགས་འཛམ་གླིང་འདིའི་ཐོག་གསོན་པོར་གནས་ཐུབ་རྒྱུར་དགེ་མཚན་མངོན།
གཞིས་བཞུགས་སྤུན་ཟླ་རྣམས་ནས་རང་སྲོག་བློས་གཏོང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་སྦྱོང་སྤྱོད་གོང་སྤེལ་གཏོང་བཞིན་ཡོད་པ་ལྟར་གླུ་གཞས་སོགས་སྒྱུ་རྩལ་འདྲ་མིན་གྱི་ཐོག་ནས་སྲུང་སྐྱོབ་ཆེད་འབད་བརྩོན་གང་ཐུབ་གནང་དང་གནང་མུས་དེ་ལྟར་ཡང་། རྒྱ་དམར་གཞུང་གིས་བོད་ནང་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་རྒྱུའི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ཐོག་ལ་དམ་དྲག་ཆེ་རུ་བཏང་དང་གཏོང་བཞིན་པས་མ་ཚད། བོད་མི་མང་པོར་ཉེས་མེད་བཙོན་འཇུག་དང་བཀག་ཉར་གྱིས་མི་སྤྱོད་ལས་འདས་པའི་དྲག་གནོན་སྣ་ཚོགས་བྱས་ཏེ་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་སྦྱོང་བཏང་དང་གཏོང་བཞིན་ཡོད། སློབ་ཕྲུག་ཚོར་མཚོན་ན་ཕྲུ་གུ་ལོ་བཞི་ཟིན་ཙམ་ནས་ཕ་མ་དང་ཁ་བྲལ་བཏང་སྟེ་ཕ་མ་དང་ཕྲུ་གུའི་འདོད་པ་མེད་བཞིན་དུ་རྒྱ་ནག་དམར་གཞུང་གིས་བཙན་དབང་ཐོག་ནས་བོད་ཕྲུག་ས་ཡ་གཅིག་ལྷག་བཅའ་སྡོད་སློབ་གྲྭར་བཅུག་དང་འཇུག་བཞིན་ཡོད། བཅའ་སྡོད་སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་དང་། ཆོས་རིག་གཞུང་བཅས་སྦྱོང་རྒྱུའི་གོ་སྐབས་མེད་ལ་རྒྱ་སྐད་བཙན་དབང་འོག་སྦྱོང་དགོས་པ་བཟོས་ཐོག།ལོ་ནས་ལོར་མཐུད་ཕྲུ་གུ་རྣམས་སོ་སོའི་ཕ་མ་དང་ཁ་བྲལ་ནས་སྡོད་དགོས་དུས་བོད་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་མེད་པ་བཟོས་ཏེ་བོད་ཕྲུག་རྒྱ་ཕྲུག་ཏུ་སྒྱུར་རྒྱུའི་སྲིད་བྱུས་ངན་པ་ལག་བསྟར་བྱེད་བཞིན་ཡོད། ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་པའི་སློབ་ཕྲུག་ཚོས་སོ་སོའི་ལས་འགན་གཙོ་བོ་སློབ་སྦྱོང་བྱ་རྒྱུའི་ཐོག་ལ་ཤུགས་བསྐྱོན་ནས་འཛམ་གླིང་ཐོག་དཔུང་པ་མཉམ་གཤིབས་ཐུབ་པའི་དེང་དུས་ཀྱི་ཤེས་ཡོན་དང་། ཁྱད་པར་བོད་མི་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་དོ་སྣང་ཆེན་པོས་སྦྱང་བརྩོན་དང་། རྒྱུན་འཛིན་ཐུབ་པ་བྱ་རྒྱུའི་དམིགས་བསལ་གྱི་ལས་འགན་གལ་ཆེན་པོ་ཞིག་ཁུར་དུ་བབ་ཡོད་པས་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་སོ་སོའི་མི་རིགས་ཀྱི་ཞབས་འདེགས་བསྒྲུབ་ཐུབ་པར་འབད་བརྩོན་ཧུར་ཐག་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

དེ་བཞིན་བོད་མི་ཚང་མས་གཞིས་ལུས་སྤུན་ཟླ་རྣམ་པའི་ཕུགས་བསམ་དང་མངོན་འདོད་རྣམས་ཡིད་ལ་བཅང་ཞིང་། བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་གསུམ་གསལ་གཟིགས་ཀྱིས་བཀའ་སློབ་ལམ་སྟོན་མཛད་པ་རྣམས་ལ་ཉམས་ལེན་ཞུ་རྒྱུ་དང་། ཕྲུ་གུའི་ཕ་མ་ཚོ་ཡིན་ནའང་སོ་སོའི་བུ་ཕྲུག་གི་ཤེས་ཡོན་དང་། འཕྲོད་བསྟེན། ཀུན་སྤྱོད། སྤྱི་ཚོགས་ལ་འགན་ཁུར་སོགས་ཀྱི་ཐད་རྒྱུན་དུ་ནས་ཐུགས་སྣང་གིས་སློབ་གྲྭའི་དགེ་ལས་ཡོངས་ལ་འཕྱར་བ་གྲུ་འདེགས་ཀྱི་རམ་འདེགས་ཞུ་ཐུབ་ཚེ་མ་འོངས་པར་ང་ཚོ་བོད་གངས་ཅན་པའི་སོན་རྩ་བོད་ཕྲུག་སྤུས་ཚད་ལྡན་པ་ཞེ་གཅིག་ཡོང་ཐུབ་ངེས་ལ་སོང་དེ་དོན་གནང་རོགས་གནང་ཞེས་སྐུལ་མ་ནན་ཏན་ཞུ་རྒྱུ་ཡིན།
གཞན་ཡང་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ལྷག་ནས་བཟུང་སློབ་གྲྭ་ཁག་གི་ནང་བོད་པའི་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་ཞེ་དྲག་ཕྱིན་ཡོད་སྟབས། སློབ་ཕྲུག་གི་སྤུས་ཚད་སྔར་ལྷག་བཟང་དུ་གཏོང་རྒྱུའི་ཐོག་ལ་བོད་ཁྱིམ་དང་ཤེས་རིག་ལས་ཁུངས་སོགས་འབྲེལ་ཡོད་རྣམས་ནས་དགོངས་པ་བཞེས་གནང་གི་ཡོད་པ་ལྟར་དང་། སློབ་ཕྲུག་རྣམས་ནས་སོ་སོའི་མ་འོངས་མདུན་ལམ་འདེམས་ཕྱོགས་ཀྱི་དམིགས་ཚད་མི་འཕྱུག་པ་དགོས་རྒྱུ་གནད་འགག་ཡིན།
བོད་ཕྲུག་ཁྱིམ་སྡེས་གཙོས་པའི་བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་ཀྱི་སྤྱི་ཡོངས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་གནས་སྟངས་ནི་ཡར་རྒྱས་ཚགས་ཚུད་ངང་འགྲོ་མུས་ལ་སོང་དངོས་གནས་དགའ་སྤོབས་བྱ་འོས་པ་ཞིག་དང་། ཡར་རྒྱས་ལ་མཐའ་མེད་པས་སླད་མར་ཡང་དེ་ལས་གོང་མཐོར་འགྲོ་ཐུབ་པར་ཕྱོགས་ཀུན་ནས་འབད་པ་ལྷོད་མེད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་བ་དང་། བོད་ཕྲུག་ཁྱིམ་སྡེའི་ལས་དོན་རྣམས་སྔར་ལྷག་ཡར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༣ ལ།།