༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་ ༢༧ ཉིན་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་གྷོ་པལ་པུར་ (Nature Bloom Hotel) གསོལ་མགྲོན་ཁང་དུ་ཉིན་གྲངས་བཞིའི་རིང་གི་དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་དེ་བཞིན་དབུ་འཛུགས་གནང་སོང་།
སྐབས་དེའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས། གཞན་སྐུ་མགྲོན་དུ་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟུར་པ་བསྟན་འཛིན་དགེ་བྱེད་ལགས། དམག་དཔོན་ཟུར་པ་ཟླ་བ་ཤཱོརྱོ་ཅཀྲ་ལགས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་བཅར་བ་དབུས་གཙང་གཞོན་སྐྱེས་རྣམས་བཅས་མཉམ་ཞུགས་གནང་འདུག
སྐབས་དེར་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གཙོ་བོ་གསུངས་དོན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནི་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཞུ་མཁན་ཞིག་ཆགས་ཀྱི་ཡོད་པ་དང་། གཞོན་སྐྱེས་སྐྱེད་བསྲིང་བྱ་རྒྱུའི་གླེང་སྟེགས་བསྐྲུན་རྒྱུ་གལ་ཆེན་པོ་ཡིན་པ་ལྟར། ད་ལན་དབུས་གཙང་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཀྱི་དགོངས་དོན་གཞིར་བཟུང་དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་བར་གོ་སྒྲིག་ཞུ་མཁན་དང་། དཔལ་འབྱོར་རམ་འདེགས་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་སོང་།
བོད་པའི་གཞོན་སྐྱེས་ཚོས་བོད་དོན་ཐོག་འགན་འཁུར་བཞེས་ཕྱོགས་དང་འབྲེལ་ཏེ། ཉེ་ཆར་ཉི་འོང་རྒྱལ་ས་ཊོཀ་ཡོར་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་ཐོག་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇིཏ་ཀུ་མར་ (Shri Sujeet Kumar, MP) མཆོག་གིས་བོད་དོན་འཐབ་རྩོད་ཐོག་ལ་བོད་པའི་གཞོན་སྐྱེས་རྣམས་ཀྱིས་ནུས་པ་ཏག་ཏག་སྤུངས་ཐུབ་ཀྱི་མི་འདུག་པ་དང་། དེའི་ཐོག་ལ་ཤུགས་རྒྱག་དགོས་ཀྱི་འདུག་ཅེས་གསུངས་པ་ལུང་འདྲེན་གནང་སྟེ། དབུས་གཙང་གཞོན་སྐྱེས་ཚོགས་འདུ་ཐེངས་དང་པོ་དེ་མ་སྒྲིག་ལྷུན་འགྲུབ་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་གྱི་དུས་ཚིགས་དང་ཉེ་བའི་སྐབས་སུ་འཚོགས་བཞིན་ཡོད་པ་ལྟར། གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་འཐབ་རྩོད་ཐོག་གང་གནང་དགོས་པའི་དམ་བཅའ་ཞིག་འཇོག་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་པ་དང་། དེ་བཞིན་དེང་སང་སྤྱི་ཚོགས་དྲྭ་ལམ་གྱི་དུས་ཚོད་ཡིན་དུས། གཞོན་སྐྱེས་ཚོས་སྤྱི་ཚོགས་དྲྭ་ལམ་ནས་ཐོག་མར་འགོ་འཛུགས་ཏེ། རྒྱ་ནག་གིས་བོད་དོན་གནས་ཚུལ་རྫུན་བཟོ་ལོག་འགྲེལ་བྱེད་བཞིན་པར་གདོང་ལེན་གྱིས་བོད་ཀྱི་དངོས་ཡོད་གནས་ཚུལ་དྲིལ་བསྒྲགས་དང་། རིམ་པས་ཤུགས་ཆེ་རུ་གཏོང་དགོས་པ། དེ་ནས་ས་གནས་ས་ཐོག་ལ་བོད་དོན་ལས་འགུལ་སྤེལ་དགོས་པ་སོགས་གསུངས་སོང་།
གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་བགྲོས་ཁྲོད། གཞོན་སྐྱེས་ཚོས་ལས་འགུལ་སྣེ་ཁྲིད་གནང་སྟེ་གྲུབ་འབྲས་ཐོན་པ་སོགས་དཔེ་མཚོན་དང་སྦྲགས། ད་ལན་བོད་པའི་གཞོན་སྐྱེས་ཚོས་དོན་ཚན་གཙོ་བོ་དྲུག་སྟེ། བོད་ཀྱི་གནད་དོན་ཤེས་ཐབས་བྱེད་དགོས་པ། གོ་སྐབས་ནམ་བྱུང་ལ་བོད་དོན་སྐོར་ཤོད་རྒྱུ། བོད་མིའི་གཅིག་སྒྲིལ་ལ་ཤུགས་བརྒྱབ་རྒྱུ། ༧གོང་ས་མཆོག་གིས་བཟང་སྤྱོད་དང་། བདེན་པ། འཚེ་བ་མེད་པ་སོགས་ཀྱི་ཐོག་བཀའ་སློབ་ཕེབས་པ་རྣམས་ལག་ལེན་བསྟར་རྒྱུ། སྤྱི་ཚོགས་དྲྭ་ལམ་ནས་འགོ་འཛུགས་ཏེ་བོད་དོན་དང་འབྲེལ་བའི་ལས་འགུལ་གང་མང་སྤེལ་རྒྱུ། གཞིས་གཞུགས་བོད་མིའི་རེ་བ་ཆུད་ཟོས་སུ་མི་གཏོང་བ་བཅས་ཀྱི་དམ་བཅའ་འཇོག་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཚོགས་འདུའི་ཐོག་མཁས་དབང་རྣམས་ཀྱིས་གསུང་བཤད་གསན་པ་ཙམ་མ་ཡིན་པར། གཞོན་སྐྱེས་རྣམས་ཀྱིས་ཚ་ཚ་འུར་འུར་གྱིས་ཆ་ཤས་ལེན་དགོས་སྐོར་སོགས་གསུངས་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་དང་། དམིགས་བསལ་སྐུ་མགྲོན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས་རྣམ་གཉིས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་དང་། སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་དང་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་རྣམ་གཉིས་ནས་བོད་ཨིན་སྐད་ཡིག་གཉིས་སོ་སོའི་ཐོག་ཕེབས་བསུ་དང་ངོ་སྤྲོད་གསུང་བཤད་གནང་སོང་བ་བཅས།