རྒྱ་གར་གྱི་ RSS ཚོགས་པའི་ཟུང་འབྲེལ་དྲུང་ཆེ་ Dr. Krishna Gopal མཆོག་རྡ་སར་ཕེབས་པ།

DSC_0930རྒྱ་གར་གྱི་ RSS སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཟུང་འབྲེལ་དྲུང་ཆེ་ Dr. Krishna Gopal མཆོག་ཚོགས་པའི་ཕྱག་ལས་ཆེད་ཧི་མ་ཅལ་མངའ་ཁུལ་ཕེབས་པ་དང་སྟབས་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་དང། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་མཇལ་མོལ་གནང་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༠ ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་ Bharat Tibet Sahayog Manch ནས་ཐུགས་འཁུར་ཆེ་བཞེས་ཀྱིས་ RSS ཚོགས་པའི་ཟུང་འབྲེལ་དྲུང་ཆེ་མཆོག་དང། ཧི་མ་ཅལ་མངའ་སྡེའི་ཀར་ར་རྫོང་དུ་ཡོད་པའི་དབུས་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ Dr. Kuldeep Chand Agnihotri མཆོག་རྣམ་གཉིས་ཀྱི་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ། རྡ་ས་ཁུལ་གྱི་ RSS ཚོགས་པའི་ཚོགས་མི་དང། Bharat Tibet Sahayog Manch ཡི་ཚོགས་མི་བཅས་མཉམ་འཛོམས་ཀྱིས་གླེང་མོལ་ལྷན་ཚོགས་ཤིག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ཚོགས་ཡོད་པ་རེད།
ལྷན་ཚོགས་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཕེབས་བསུའི་གསུང་བཤད་དང་སྦྲགས་ད་རེས་ RSS ཚོགས་པའི་ཟུང་འབྲེལ་དྲུང་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་བཀའ་མོལ་ལྷུག་པོ་བྱུང་ཡོད་པ་བཞིན་ཕྱག་ལེན་ཐོག་འཁེལ་ཐབས་ཡོང་བ་ཞུས་པ་དང། རྒྱ་གར་ནི་བོད་ཀྱི་ཆོས་རིག་གང་ཅིའི་ཐད་ནས་གནའ་སྔ་མོ་ནས་འབྲེལ་བ་ཤིན་ཏུ་ཆེ་གནས་སྐོར་དང་། བོད་པར་རྒྱ་གར་གཞུང་མང་གཉིས་ཧ་ཅང་བཀའ་དྲིན་ཆེ་སྐོར། ད་ལྟའི་ཆར་ཡང་བོད་མིའི་འཕྲལ་ཕུགས་གནས་སྟངས་གང་ཅི་རྒྱ་གར་ལ་ཧ་ཅང་རག་ཆེན་པོ་ལུས་ཡོད་པ། ལྷག་པར་ད་ལྟའི་གཞུང་འཛིན་ BJP ཆབ་སྲིད་ཚོགས་པས་བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་ཐུགས་འཁུར་བཞེས་བཞིན་ཡོད་པ་ལྟར་མུ་མཐུད་ཤུགས་གནོན་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད་སྐོར་སོགས་གསུངས་ཤིང།DSC_0981
ཧི་མ་ཅལ་མངའ་སྡེའི་མཐོ་སློབ་ཀྱི་ Vice Chancellor. Dr. K.C. Agnihotri མཆོག་ནས་གསུང་བཤད་གནང་སྐབས། བོད་ནི་རྒྱ་གར་དང་ཆོས་རིག་དང། ཆུ་བོ། རྩ་ཆེའི་གནས་སོགས་གང་ཅིའི་ཐོག་ནས་འབྲེལ་བ་ཆེན་པོ་ཆགས་ཡོད་པ་དང་། མི་ལོ་ ༦༠ ལྷག་རིང་བོད་མི་རྣམས་ཀྱིས་རྒྱའི་བཙན་གནོན་གདུག་རྩུབ་མྱོང་དགོས་བྱུང་ཡོད་ཀྱང་། བོད་ཀྱི་འཐབ་རྩོད་འདི་བདེན་པའི་འཐབ་རྩོད་ཞིག་ཡིན་པས་མཐའ་མའི་རྒྱལ་ཁ་བདེན་པར་འཐོབ་ངེས་ཡིན་པ། བོད་ཕམ་ན་རྒྱ་གར་ཡང་ཕམ་རྒྱུར་སོང་རྒྱ་གར་གྱིས་བོད་དོན་ལ་རོགས་སྐྱོར་གནང་དགོས་ཡིན་གནས་སོགས་གསུངས།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་དང་རྒྱ་གར་གཉིས་དབར་གྱི་འབྲེལ་བ་ནི་ས་ཆའི་ཐོག་ནས་གཅིག་པུ་མིན་པ། ཆུ་ཆེན་ཁག་དང། ནང་ཆོས་ཀྱི་འབྱུང་ཁུངས། ད་ལྟའི་བོད་མིའི་མང་གཙོའི་སྒྲིག་འཛུགས་འདི་གཙོ་བོ་རྒྱ་གར་གྱི་འགྲོ་ལུགས་ལ་དཔེ་བླངས་པ། ད་ལྟའི་གནས་སྐབས་སུ་བཙན་བྱོལ་བོད་མི་མང་པོའི་འཚོ་གནས་དང། བོད་ཕྲུག་རྣམས་ཀྱི་ཤེས་ཡོན་སོགས་ཀྱི་ཐོག་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པ། བོད་མིའི་འཐབ་རྩོད་ཀྱང་རྒྱ་གར་གཞུང་མང་གི་རོགས་སྐྱོར་ལ་བརྟེན་དགོས་པ་ཞིག་ཡིན་པས་ད་ལྟ་བར་དུ་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་དུང་བོད་མིའི་རྩ་དོན་མ་འགྲུབ་བར་དུ་ང་ཚོར་རྒྱབ་སྐྱོར་གནང་གི་རེད་ལ། ང་ཚོ་མཉམ་རུབ་ཀྱིས་འཐབ་རྩོད་བྱས་ཏེ་བདེན་མཐའ་གསལ་ངེས་ཡིན། དེ་ལྟའི་དུས་བཟང་ཤར་བའི་སྐབས་ཁྱེད་རྣམས་ལྷ་སར་མགྲོན་འབོད་ཞུ་རྒྱུ་ཡིན་གསུངས་པ་དང། འདི་ལོ་རྡ་རམ་ས་ལར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་སྟོན་དང་འཁྲུངས་སྐར་སྟབས་ཅིག་ཏུ་སྲུང་བརྩི་ཟབ་རྒྱས་ཞུ་སྐབས། རྒྱ་གར་དབུས་གཞུང་གི་བློན་ཆེན་གཉིས་ཆེད་ཕེབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་སོགས་གསུངས།
DSC_0945དེ་རྗེས་ Dr. Krishna Gopal མཆོག་ནས་ཁོང་ད་རེས་རྡ་རམ་ས་ལར་ཕེབས་པ་དང་པོ་ཡིན་ནའང། དུས་རིང་མོ་ཞིག་ནས་རྡ་རམ་ས་ལར་ཡོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འདོད་ཀྱི་བསམ་བློ་ཡོད་པ་ལྟར། ད་རེས་དངོས་སུ་མཇལ་རྒྱུའི་གོ་སྐབས་དང་། ཁོང་སྐུ་ཁམས་བཟང་ཞིང་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་ཞུ་ཐུབ་པའི་གོ་སྐབས་བྱུང་། ད་ལྟའི་ཆར་བོད་མི་མང་པོ་རང་གི་རྒྱལ་ཁབ་ཀྱི་ཕྱིར་གནས་ཡོད་ཀྱང་། རང་གི་རྒྱལ་ཁབ་ལ་བརྩེ་ཞེན་ནམ་ཡང་འདོར་མེད། བོད་རྒྱལ་ཁབ་དེ་རྒྱ་གར་མི་མང་ཡོངས་ཀྱི་སེམས་ནང་ལ་བཞག་ཡོད། བོད་མི་རིགས་ལ་རྒྱ་མི་རེད་ཟེར་མཁན་རྒྱ་གར་བ་གཅིག་ཀྱང་ཡོང་གི་མ་རེད། རྒྱ་གར་ཡང་གཞན་གྱི་བཙན་གནོན་དབང་ཤུགས་འོག་ལོ་བརྒྱ་ཕྲག་སྡོད་དགོས་བྱུང་ཡོད། ཡིན་ནའང་རྒྱ་གར་མི་མང་གི་སེམས་ཤུགས་དང་ཡིད་ཆེས་ནམ་ཡང་མ་བརླགས་པར་སྙིང་སྟོབས་ཆེན་པོས་རྩོད་ལེན་གནང་སྐོར། ད་ལྟའི་དམར་པོའི་རྒྱལ་ཁབ་ཁག་གི་ཉམས་གུད་དང། འཐོར་ཞིག་འགྲོ་བའི་གནས་སྟངས་ལ་བརྟེན་ནམ་ཞིག་རྒྱ་ནག་ཀྱང་མང་གཙོར་བསྒྱུར་ངེས། བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ནི་དངོས་ཡོད་ལོ་རྒྱུས་ཤིག་ཡིན་པ་དང། དེའི་ཆོས་དང་རིག་གཞུང་གཞན་དང་མི་འདྲ་བ་ཞིག་ཡོད། བོད་མིར་བདེན་པ་ཡོད་སྟབས། མ་འོངས་པར་བོད་ཀྱི་བདེན་དོན་གསལ་ངེས་རེད། བོད་མི་ཚོས་ངང་སྒུག་གནང་རོགས། འཛམ་གླིང་མི་མང་ཚང་མ་ཁྱེད་ཚོའི་མཉམ་དུ་ཡོད། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མཐོང་ཡིད་ཆེས་བྱེད་མཁན་ཚང་མས་བོད་དོན་ལ་རྒྱབ་སྐྱོར་གནང་ངེས་སོགས་གསུངས།
མཐར་རྒྱ་གར་རྒྱལ་ཡོངས་ Tibet Sahayog Manch གྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Sunil Manocha མཆོག་གིས་ཚང་མར་ཐུགས་རྗེ་ཆེ་ཞུ་དང་བཅས་གླེང་མོལ་ལྷན་ཚོགས་གྲོལ་བ་བཅས་ཀྱི་གནས་ཚུལ་དུ།