ཛམ་ཐང་ཇོ་ནང་དགོན་འདབས་སུ་སྣང་གྲོལ་ལགས་ཀྱིས་རང་ལུས་ཞུགས་འབུལ་གནང་བའི་སྐོར་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ཟླ་ ༢ ཚེས་ ༡༩ ཉིན་གྱི་ཉིན་གུང་ཡོལ་ཙམ་ལ། ཛམ་ཐང་རྫོང་བར་མ་ཤང་རུ་ཁག་དྲུག་པའམ་ཆོས་རྗེ་ཚོ་བའི་ཕ་སྤྱན་གཟིགས་དང་མ་སྙིང་མོ་གཉིས་ཀྱི་བུ་རང་ལོ་ ༡༨ ཅན་སྣང་གྲོལ་ལགས་ཀྱིས། ཛམ་ཐང་ཇོ་ནང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་སུ་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་སྲོག་ཤོར་འདུག་པ་དང་། ཁོང་གི་སྐུ་ཕུང་ཛམ་ཐང་ཇོ་ནང་དགོན་པའི་གྲྭ་དམངས་ཀྱིས་རྒྱ་མིའི་ལག་ནས་འཕྲོག་སྟེ་དགོན་པར་གདན་ཞུས་ཐུབ་ཡོད་ཀྱང་། རྒྱ་གཞུང་ནས་སྐུ་ཕུང་འཕྲལ་དུ་ཞུགས་འབུལ་དགོས་པའི་བཙན་བཀའ་བཏང་སྟེ། ཉིན་དེའི་མཚན་གུང་དགོན་པའི་རི་འདབས་དུར་ཁྲོད་དུ་ཞུགས་འབུལ་གནང་དགོས་ཆགས་ཡོད།

བར་མ་ཤང་དང་ཛམ་ཐང་ཇོ་ནང་དགོན་གཉིས་ཆགས་ཡུལ་གཅིག་ཡིན་པ་དང་། སྣང་གྲོལ་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་སྐབས། ལག་གཉིས་ཐལ་མོ་སྦྱར་ཏེ་སྐད་འབོད་ཤུགས་ཆེར་བྱས་འདུག་ཀྱང་། གནས་ཚུལ་མཁོ་སྤྲོད་པས་རྒྱལ་བ་རིན་པོ་ཆེ་ཞེས་པའི་ཚིག་གཞི་ཙམ་ལས་གསལ་པོ་གོ་ཐུབ་མི་འདུག

སྣང་གྲོལ་ལགས་ལ་མིང་སྲིང་བརྒྱད་ཡོད་པ་ལས། ཁོང་རྒན་རིམ་བཞི་པ་རེད་འདུག

ཕྱི་ཟླ་ ༡ ཚེས་ ༢༦ ཉིན་ཛམ་ཐང་བར་མ་ཤང་དུ་མང་ཚོགས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་དམག་མིས་ཨོ་རྒྱན་ལགས་དམར་གསོད་དང་མང་ཚོགས་སྐོར་ཞིག་ལ་རྨས་སྐྱོན་ཕོག་སྟེ། ད་བར་ཡུལ་དེར་དམ་དྲག་ཆེས་ཆེར་བྱེད་བཞིན་པའི་སྒང་ཡིན།

དེ་བཞིན་དུ་ཞི་རྒོལ་ལས་འགུལ་དང་འབྲེལ་ཆགས་སམ། བོད་མི་རྩོམ་པ་པོ་དང་ཤེས་ཡོན་ཅན་དོན་མེད་འཛིན་བཟུང་བཀག་བསྐྱིལ་གྱི་གནས་ཚུལ་གང་སར་ཐོན་བཞིན་ཡོད།

སྤྱི་འཐུས་ལྷན་ཚོགས་ནས་བོད་ནང་གཅིག་མཇུག་གཉིས་མཐུད་དུ་འབྱུང་བཞིན་པའི་ཛ་དྲག་གི་གནས་སྟངས་འདི་དག་ཐད་བློ་འཚབ་དང་སེམས་ངལ་ཤིན་ཏུ་ཆེ་ཞིང་། ད་བར་སྔ་རྗེས་སུ་རྒྱ་ནག་གཞུང་ལ་འབོད་སྐུལ་རིམ་པར་བྱས་ཡོད་པའི་དོན་གནད་དེ་དག་ཐོག་རྒྱ་གཞུང་གིས་བསམ་ཞིབ་མ་ལན་མ་འགྱོད་པ་ཞིག་བྱ་རྒྱུའི་དུས་ལ་གཏུགས་ཡོད་པའི་གསལ་འདེབས་བསྐྱར་ནན་ཞུ་རྒྱུ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་ཀྱི་འགན་འཁུར་མང་ཙམ་ལེན་དགོས་པ་དང་། རང་དབང་མང་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པས་དོན་ཕན་ལྡན་པའི་ནུས་ཤུགས་འདོན་རྒྱུར་ང་ཚོས་རེ་སྐུལ་ཤུགས་དྲག་ཞུ་བཞིན་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༠ ལ།།