རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་མཚོ་ལགས་དང་། གྲྭ་བློ་བཟང་ཚུལ་ཁྲིམས་ལགས་གཉིས་ཀྱིས་སྐུ་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་༢༠༡༢ ཟླ༨ ཚེས༦ བོད་ནང་གི་དགོང་དྲོ་ཆུ་ཚོད་༥།༥ པ་ཡས་མས་སུ་རང་ལོ་༢༡ ཡིན་པའི་རྔ་པ་ཀིརྟི་དགོན་པའི་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་ཀིརྟི་དགོན་པའི་ཉེ་འདབས་ཀྱི་དཔའ་བོའི་སྲང་ལམ་ནས་སྐུ་ལུས་མེར་བསྲེགས་ཀྱིས་སྐད་འབོད་བྱེད་བཞིན་ཁྲོམ་གཞུང་དུ་བརྒྱུགས་སྐབས། ལམ་དེར་ཡོད་པའི་ནགས་ལས་ཁང་གི་ར་སྐོར་ནང་ཡིབ་སྡོད་བྱེད་བཞིན་པའི་དྲག་ཆས་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་མེ་གསོད་ཡོ་ཆས་བེད་སྤྱོད་ཀྱིས་མེ་བསད་དེ་ཐང་ལ་བསྒྱེལ་རྗེས། རླངས་འཁོར་ནང་གཡུགས་ཏེ། རྔ་པ་རྫོང་སྨན་ཁང་དུ་བཙན་འཁྱེར་བྱས་འདུག རྔ་པའི་སྨན་ཁང་དུ་དུས་ཚོད་ཕྱེད་ཙམ་རིང་བསྡད་རྗེས་ས་གནས་གཞན་དུ་འཁྱེར་འདུག་ཀྱང་ས་གནས་གང་ཡིན་ཤེས་རྟོགས་བྱུང་མེད། སྐབས་ཐོག་དེར་གྲོངས་མེད་པ་དང་། སྐུ་ལུས་ལ་མེ་ལྕེ་འབར་བཞིན་པའི་ཀློང་ནས་སྐད་ཤུགས་ཆེན་པོས་རྒྱལ་བ་རིན་པོ་ཆེ་དང་། ཀིརྟི་རིན་པོ་ཆེ་རྣམ་གཉིས་བོད་དུ་ཕེབས་འཇུག་དགོས། སློབ་གྲྭའི་སྒོ་ཕྱེས་དགོས་བཅས་པའི་འབོད་སྒྲ་བསྒྲགས་ཡོད་འདུག
རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ ༢༠༡༢།༠༨།༠༧རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ ༢༠༡༢།༠༨།༠༧རྒྱལ་གཅེས་དཔའ་པོ་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ནི། རྔ་པ་རྫོང་གཅའ་ཡུལ་ཚོ་རྭ་རུ་སྡེ་བའི་རྗའ་དར་ཚང་གི་ཕ་དབང་ཚེ་དང་མ་སྒྲོན་དཀར་སྐྱིད་གཉིས་ཀྱི་བུ་ཡིན་འདུག ཁོང་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་གནང་ཞིང་། ཕྱི་ལོ་༢༠༠༨ ལོར་རྒྱ་གཞུང་ཉེན་རྟོག་པས་དགོན་པའི་ནང་ནས་འཛིན་བཟུང་གིས་གཅར་རྡུང་དྲག་པོ་ཕོག་མྱོང་ཡོད་ཅིང་། ཐོས་བསམ་གླིང་གྲྭ་ཚང་གི་རྟགས་རིགས་འཛིན་གྲྭ་ཡིན་པ་དང་། ལོ་སྔོན་མའི་ནང་སྐུ་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་ལགས་དང་འཛིན་གྲྭ་གཅིག་པ་ཡིན་འདུག རྒྱུན་དུ་ལག་རྩེད་སྤོ་ལོ་རྩེད་རྒྱུར་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་། རྔ་པའི་ནང་ལག་རྩེད་སྤོ་ལོ་རུ་ཁག་ཅིག་གི་ཚོགས་མི་ཡང་ཡིན་འདུག ཁོང་ནི་རྔ་པ་རང་སྐྱོང་ཁུལ་ཁོངས་ཀྱི་མེར་བསྲེགས་མི་གྲངས་༢༩ པ་དང་། རྔ་པ་རྫོང་ཁོངས་ཀྱི་མེར་བསྲེགས་མི་གྲངས་༢༢ པ་དེ་ཡིན་འདུག

གཞན་ཡང་། ཕྱི་ལོ་༢༠༡༢ ཟླ༨ ཚེས ༧ བོད་ནང་གི་ཉིན་རྒྱབ་ཆུ་ཚོད་༡།༣༠ ཙམ་ལ་རང་ལོ༢༧ ཡིན་པའི་རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་མཚོ་ལགས་ཀྱིས། ཀན་ལྷོ་ཁུལ་གྲོང་ཁྱེར་གྱི་ཉེ་འགྲམ་གཙོས་དགོན་པ་དགའ་ལྡན་ཆོས་གླིང་(གྲྭ་༡༥༠ལྷག་ཙམ་ཡོད)གི་སྐོར་ལམ་དུ་མཆོད་རྟེན་ཞིག་ཡོད་པ་དེའི་འགྲམ་དུ། རྒྱལ་བ་རིན་པོ་ཆེ་བོད་ལ་ཕྱིར་ཕེབས་དགོས། བོད་མི་རིགས་ལ་རང་དབང་མི་འདུག ཅེས་སྐད་འབོད་རྒྱག་བཞིན་པར་སྐུ་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་གནང་འདུག་ཅིང་སྐུ་ཕུང་འཚིགས་ནས་ས་ལ་འགྱེལ་ཡོད་ནའང་ལག་པ་གཉིས་ད་དུང་ཐལ་མོ་སྦྱར་ནས་སྐུ་གཤེགས་ཤིང་། དགེ་འདུན་པ་ཚོས་སྐུ་ཕུང་དགོན་པར་གདན་འདྲེན་ཞུས་པར་མ་ཟད། གཙོས་དགོན་པའི་གྲྭ་བ་རྣམས་ཁོང་མོའི་ཁྱིམ་ཚང་དུ་ཕྱིན་ཏེ་སྨོན་ལམ་གནང་ཡོད་འདུག
རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་སྐྱིད་ལགས་ཀྱི་སྐུ་ཕུང། ༢༠༡༢།༠༨།༠༧རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་སྐྱིད་ལགས་ཀྱི་སྐུ་ཕུང། ༢༠༡༢།༠༨།༠༧
རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་མཚོ་ལགས་ནི། གཙོས་གྲོང་ཁྱེར་ནས་སྤྱི་ལེ་གཅིག་ཙམ་གྱི་སར་ཁྱིམ་ཚང་སུམ་ཅུ་ཙམ་ཡོད་པའི་རྟ་སར་སྡེ་བའི་མི་ཡིན་པ་དང་། ཕ་མིང་ལ་འབྲུག་རྒྱལ་མཁར་ལོ་ ༥༡ དང་། མ་མིང་ལ་སངས་རྒྱས་མཚོ་ལོ་ ༥༥ རེད་འདུག བར་མའི་ནང་སྡེ་བར་མནའ་མར་སོང་ཡོད་པ་དང་། འཚོ་ཐབས་ཞིང་ལས་གཉེར་བཞིན་ཡོད་ལ་ཕྲུ་གུ་གཉིས་ཡོད་པའི་ཆེ་བ་བུ་མོ་བནྡེ་མཚོ་ལོ་༥ ཙམ་དང་། ཆུང་བ་བུ་ཡུམ་སྐྱབས་ཚེ་རིང་ལོ་ ༣ རེད་འདུག་ཅེས་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་བྱུང་། དེ་ལྟར་ན། རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་དང་། རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་སྐྱིད་ལགས་གཉིས་བརྩིས་པས་ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་མི་གྲངས་ ༤༦ པ་དེ་ཆགས་ཡོད་ལ། རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་མཚོ་ལགས་ལགས་ནི།རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་པ་མི་གྲངས་ ༣༥ པ་དེ་ཆགས་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་དང་། དམར་གསོད་ཀྱི་དོན་རྐྱེན་བྱུང་རིམ་བཞིན་གསར་འགོད་བསྒྲགས་གཏམ་རིམ་སྤེལ་བྱས་ཡོད་པའི་ནང། བོད་ནང་གི་དོན་རྐྱེན་དེ་དག་ནི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་དང་ཕྱོགས་སུ་ལྷུང་བའི་སྲིད་བྱུས་ལ་བརྟེན་ནས་ཡོང་གི་ཡོད་པས། ཇི་སྲིད་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་སྒྱུར་བཅོས་མ་བཏང་བ། དེ་སྲིད་དུ་བོད་ཆོལ་ཁ་གསུམ་ནང་རང་ལུས་མེར་བསྲེགས་སོགས་ཀྱིས་མཚོན་ལས་འགུལ་སྣ་ཚོགས་ཡོང་སྲིད་པས། དེ་དག་གི་འགན་ཆ་ཚང་རྒྱ་གཞུང་གིས་འཁྱེར་དགོས་པ་ལས་གཞུང་སྒེར་སུ་ལའང་ཡ་ལན་སྤྲོད་ས་མེད།
རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་སྐྱིད་ལགས་ཀྱི་སྐུ་ཕུང། ༢༠༡༢།༠༨།༠༧རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་སྐྱིད་ལགས་ཀྱི་སྐུ་ཕུང། ༢༠༡༢།༠༨།༠༧
ད་ལྟའི་སྐབས་རྒྱ་ནག་གཞུང་གིས་རྒྱུན་ལྡན་ལྟར། བོད་ནང་རང་ལུས་མེར་བསྲེགས་དང་མི་མང་འདུ་འཛོམས་ཀྱིས་ཞི་རྒོལ་སོགས་བྱུང་སྐབས། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། ལས་འགུལ་བ་མི་སྒེར་བཅས་ལ་བསྙོན་འཛུགས་སྣ་ཚོགས་བྱས་ཏེ། རྒྱལ་ཁབ་འདྲ་མིན་ནང་བརྒྱུད་ལམ་སྣ་ཚོགས་ལ་འགྲོ་གྲོན་ཕོན་ཆེན་བཏང་སྟེ། ལོག་པའི་ཁྱབ་བསྒྲགས་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད་པ་དང་། ཉེ་ལམ་བོད་རིག་པ་མཁས་ཅན་སྐུ་ཚབ་ཚོགས་པ་ཟེར་བ་ཨ་རི་དང་ཁེ་ན་ཌ་སོགས་རྒྱལ་སྤྱིའི་ཐོག་སྐོར་བསྐྱོད་ཀྱིས་བོད་ནང་རང་ལུས་མེར་བསྲེགས་ཀྱི་རྒྱབ་ལྗོངས་རྒྱལ་ཁབ་ཕྱི་ལོགས་ཀྱི་ཆབ་སྲིད་དང་ཆོས་ལུགས་ལས་རིགས་ཁག་ནས་ངན་བསྐུལ་བྱས་པ་སོགས་མ་རུང་ཁོག་བཅངས་ཀྱི་རྒྱུ་མཚན་བཞི་སོགས། ལོག་པའི་དྲིལ་བསྒྲགས་སྣ་ཚོགས་འཆར་གཞི་དང་གོ་རིམ་ཡོད་པའི་ཐོག་བྱས་དང་བྱེད་བཞིན་པ་དང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འབྲེལ་ཡོད་དཔོན་རིགས་ནས་ཀྱང་རྒྱ་ནག་གི་རྩ་ཁྲིམས་སུ་གསལ་བའི་གྲངས་ཉུང་མི་རིགས་ཀྱི་གནས་བབ་ཕྱིར་བསྡུ་བྱེད་དགོས་ཀྱི་བསམ་ཚུལ་ཡན་ཆད་རྩོམ་ཡིག་ཏུ་སྤེལ་ནས། ཁྲིམས་གསལ་རང་སྐྱོང་གི་གཞི་རྩ་མེད་པ་བཟོ་རྒྱུའི་ལྐོག་གཡོ་བཤམས་པ་སོགས་རང་ཉེས་གཞན་འགལ་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་འཆར་ཅན་བརྗོད་བཞིན་པ་ལྟར་བོད་ནང་བདེ་སྐྱིད་ལྡན་པ་དང་ཆོས་དད་རང་དབང་ཡོད་པ་གལ་ཏེ་བདེན་པ་ཡིན་ན། བོད་ནང་རྒྱལ་སྤྱིའི་གསར་འགོད་པ་དང་རྟོག་ཞིབ་པ་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་མེད་ལ། འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ལ་དགའ་བའི་སྲིད་གཞུང་ཚོས། བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཆེད། རྒྱལ་ས་ལྷ་སའི་ནང་འབྲེལ་མཐུད་ལས་ཁུངས་འཛུགས་འཆར་ཡོད་པ་བཅས་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་དེ་བས་མེད།
ཉེ་བའི་ཆར་རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་མདོ་སྟོད་སྨད་གཙོས། ལྷ་ས་བ་མིན་པའི་བོད་མི་རྣམས་ཕྱིར་འབུད་བཏང་བ་དང་། རྒྱ་མི་ལས་གཞན་བོད་མི་རྣམས་ལྷ་སར་ཡོང་མི་ཐུབ་པ་སོགས་མི་རིགས་དབྱེ་འབྱེད་དང་། རོགས་རམ་གྱི་མིང་འོག་ནས་བོད་རིགས་སློབ་ཐོན་པ་ཚོ་རྒྱ་ནག་གི་ས་ཁུལ་ཁག་ཏུ་གཏོང་བ་དང་། བོད་ཀྱི་ས་ཁུལ་དུ་རྒྱ་རིགས་སློབ་ཐོན་པ་ཚོར་ལས་ཀའི་གོ་སྐབས་སྤྲོད་པ་སོགས་ཀྱི་སྲིད་བྱུས་སྣ་ཚོགས་ཤིག་ལག་བསྟར་བྱེད་བཞིན་པ་འདི། བོད་རིགས་བོད་སར་གནས་མི་ཐུབ་པ་དང་། བོད་ཡུལ་རྒྱ་ཡུལ་ཅན་དུ་བསྒྱུར་བའི་སྲིད་བྱུས་ཤིག་ཡིན་པས། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་རྒྱལ་ཁབ་ཁག་གིས། རྒྱ་གཞུང་གིས་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པ་དང་། བོད་མི་ཚོའི་ཚེ་སྲོག་དང་འབོད་སྒྲ་རྣམས། འགྲོ་བ་མིའི་ཚེ་སྲོག་དང་ཐོབ་ཐང་རྩོད་པའི་འབོད་སྒྲ་ཡིན་པ་ཤེས་བཞིན་དུ། ད་དུང་ཡང་ཉིན་འགྱངས་ཞག་ཕུད་བྱས་ནས་དེ་མུར་བཞག་ན། དྲང་བདེན་དང་ཞི་བདེ་ལ་མོས་པའི་འགྲོ་བ་མི་ཀུན་གྱི་ཡིད་ཆེས་དང་རེ་བ་བརླག་ངེས་པ་དང་། ས་ཡི་གོ་ལའི་ཁྱོན་ལ་ཉེས་ཅན་རྒྱ་ཡན་དུ་འགྲོ་རྒྱུ་ཡིན་པས། ངེས་པར་དུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་སྒྱུར་བཅོས་ཡོང་བར་གནོན་ཤུགས་སྤྲོད་དགོས་ཞེས་ནན་བརྗོད་བྱེད་རྒྱུ་ཡིན།།
ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༡༠༡༢ ཟླ་༨ ཚེས་༧ ཉིན།