དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་པའི་ཆོས་བརྒྱུད་སྤྱི་འཐུས་རྒྱུན་ལས་རྣམ་པ་རྒྱ་གར་དང་འབྲུག་གི་ས་མཚམས་འཇའ་འོད་སྒང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༡ པའི་ཚེས་ ༥ དང་ ༦ ཉིན་རྒྱ་གར་དང་འབྲུག་གི་ས་མཚམས་འཇའ་འོད་སྒང་ (Jaigaon) དུ་རྟེན་གཞི་བྱས་པའི་དཔལ་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་གཙུག་ལག་ཁང་དུ། ༸སྐྱབས་མཆོག་མཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་༸དཔལ་ས་སྐྱའི་༸གོང་མ་ཁྲི་རབས་ཞེ་བཞི་པའི་ལུགས་ཟུང་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བའི་ཁྲི་སྟོན་མཛད་སྒོའི་ཐོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་བཅས་གདན་ཞུས་ལྟར་གཞུང་འབྲེལ་ཆེད་ཕེབས་གནང་གཏན་ཁེལ་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་པའི་ཆོས་བརྒྱུད་སྤྱི་འཐུས་རྒྱུན་ལས་རྣམ་པ་ཕྱི་ཟླ་ ༡༡ པའི་ཚེས་ ༣ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༤ ཉིན་སྔ་དྲོ་ལྡི་ལི་ནས་བྷག་ཊོ་ར་བརྒྱུད་འཇའ་འོད་སྒང་དུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༥ ནས་ ༦ བར་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༨ ཉིན་འཇའ་འོད་སྒང་ནས་བྷག་ཊོ་ར་བརྒྱུད་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།