
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ པའི་ཚེས་ ༢༠ ཉིན་གུང་ཆུ་ཚོད་ ༢།༠༠ པའི་ཐོག་ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ (Australia Tibet Council) ཀྱི་འཛིན་སྐྱོང་འགན་འཛིན་འབུམ་རམས་པ་ཛའོ་བྷེ་ཌི་ཕོར་ཌི་ (Dr. Zoe Bedford) ལགས་ཀྱིས་སྣེ་ཁྲིད་པའི་ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སོང་།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། རྒྱལ་སྤྱིའི་ནང་བོད་དོན་ཞུ་སྐུལ་གནང་ཕྱོགས་སོགས་ཀྱི་ཐོག་ལ་གསུངས་གནང་སོང་།
གཞི་རྩའི་ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེ་བཞིན་ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་ Little Tibet Tour ཞེས་པའི་ལས་རིམ་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་ཕྱི་ལོ་ ༢༠༢༦ ཟླ་ ༡༠ པའི་ཚེས་ ༡༩ ནས་ ༢༩ བར་ཕེབས་ཏེ། བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་རིག་གཞུང་དང་འཐབ་རྩོད་ཐོག་རྒྱུས་མངའ་ཡོང་ཐབས་སླད་ཕེབས་པ་ཞིག་རེད་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་ཐོག་ནས་བོད་དོན་ཞུ་སྐུལ་ཐོག་ཡུན་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་ནས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས་སྐོར་ལ་འགྲེལ་བརྗོད་གནང་སོང་།

དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ལ་ངོ་སྤྲོད་དང་འབྲེལ་ཏེ། རྒྱ་ནག་དམར་གཞུང་གིས་བོད་ནང་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པའི་སྐོར་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་སྐྱེ་བ་སྔ་ཕྱིའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་རྒྱ་གཞུང་གིས་ངན་བྱུས་གཤོམ་བཞིན་པ། བོད་ཕྲུག་རྣམས་ཕ་མ་དང་ཁ་ཕྲལ་ཏེ་གཏན་འཇགས་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་གི་ཡོད་པ། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྐོར། བོད་ནང་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་གྲངས་ ༡༥༧ གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཕུལ་ཡོད་པའི་སྐོར་སོགས་ཀྱི་ཐོག་གསུངས་སོང་།

མཐོ་སྒང་བོད་ཀྱི་རང་བྱུང་ཁོར་ཡུག་གི་གལ་གནད་དང་འབྲེལ་ཏེ། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོ་བོ་གསུངས་དོན། རྒྱ་ནག་དམར་གཞུང་གིས་བོད་ནང་ཚད་ལས་འདས་པའི་རང་བྱུང་གཏེར་ཁ་བསྔོག་འདོན་དང་། གཙང་པོ་བཀག་བསྐྱིལ། ཆུ་རགས་བརྒྱབ་པ། འཛུགས་བསྐྲུན་གྱི་ལས་གཞི་འདྲ་མིན་སྤེལ་ཏེ་མཐོ་སྒང་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་བཏང་དང་གཏོང་བཞིན་པ་དེས། བོད་ཙམ་མ་ཡིན་པར་འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་ལ་གནོད་སྐྱོན་དང་། ལྷག་པར་དུ་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་བྱུང་བའི་གནོད་འཚེའི་ཉེན་ཁ་བཟོས་དང་བཟོ་བཞིན་ཡོད་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་དོ་སྣང་དང་། རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

གཞན་ཡང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་ངོ་སྤྲོད་གནང་ཞིང་། དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐོག་མར་གསར་འཛུགས་དང་། ཕྱི་ལོ་ ༡༩༩༡ ལོར་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཀྱིས་སྤྱི་འཐུས་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་བ། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས། ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་བསྡུ་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་གནང་བ་སོགས་སྐབས་དུས་སོ་སོར་འགྱུར་བ་ཇི་བྱུང་རྣམས་གསལ་སྟོན་གྱིས་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུངས་སོང་།

མཐར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གསུངས་དོན། ཕྱིའི་རྒྱལ་ཁབ་འདྲ་མིན་གྱི་སྐུ་ཚབ་ཚོགས་ཆུང་འདིར་ཕེབས་པ་དེས། བོད་མིའི་རང་དབང་འཐབ་རྩོད་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་ལུགས་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཡོད་པ་མཚོན་གྱི་ཡོད་སྐོར་སོགས་གསུངས་ཡོད་པ་བཅས།
