སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༦ ནས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་ཐོག་མར་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གྱི་ལས་རིམ་ཐོག སྤྱི་འཐུས་སངས་རྒྱས་རྡོ་རྗེ་མཆོག་གིས་ ཡིག་ཆ་ཨང་། ༢༢ “ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་བཟུང་བྱས་པ་ནས་བཟུང་། བོད་ཀྱི་ཁོར་ཡུག་གཏོར་བཅོམ་དང་དགོན་སྡེ་རྩ་གཏོར། བོད་མི་འབུམ་ཕྲག་མང་པོ་དམར་གསོད་དང་བཙོན་འཇུག་མནར་གཅོད། བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཀར་འཇུག ལོ་ན་བཅོ་བརྒྱད་མ་སོན་བར་དགོན་སྡེ་ཁག་ལ་གྲྭ་བཙུན་འཛུལ་ཞུགས་མི་ཆོག་པ་དང་། སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཚན་མེད་པ་བཟོས་ཏེ། ཡུལ་སྲོལ་གོམས་གཤིས་དང་། སྲོལ་རྒྱུན་རིག་གནས། སྐད་ཡིག་བཅས་རྒྱ་བསྒྱུར། བོད་མིའི་ཁྲག་རིས་མངོན་མེད་བཟོ་ཐབས་བྱེད་བཞིན་པ་སོགས། མདོར་ན་བོད་ཅེས་པའི་མིང་བྱང་དང་བཅས་པ་ནག་བསུབས་ཀྱིས་འཛམ་གླིང་འདིའི་ཐོག་བོད་རྒྱལ་ཁབ་དང་མི་རིགས་རྨེག་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་དང་། དངོས་སུ་ཁྲིམས་ལུགས་གཏན་འབེབས་བྱས་པར་མཐོང་ཆོས་སུ་ཡོད་པར་བརྟེན། མགོ་ནག་བོད་མི་གཅིག་ལས་མ་ལྷག་ཀྱང་། རང་དབང་འཐབ་རྩོད་གསོན་པོར་གནས་ཆེད། ལོ་རྒྱུས་རང་བཞིན་ལྡན་པའི་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཀྱི་མངའ་ཐང་སྔར་བཞིན་ཉམས་པ་སོར་ཆུད་ཡོང་ཐབས་སུ། རྒྱལ་ཁབ་དང་མི་རིགས་སླད་དུ་བློས་བཏང་གནང་མཁན། སྔོན་གཤེགས་དཔའ་བོ་འབུམ་ཕྲག་མང་པོའི་མཛད་རྗེས་ལ་སྙིང་ནས་གུས་བརྩི་དང་། བློ་འདོད་རྣམས་ཇི་བཞིན་བསྒྲུབ་པའི་དམ་བཅའ་བརྟན་པོར་བཟུང་སྟེ། རང་དབང་ཆོས་འབྱོར་བདེ་སྐྱིད་དང་། གཞིས་བྱེས་ལྷན་འཛོམས་ཀྱིས་རྒྱལ་ཁབ་སླར་གསོ་མ་བྱུང་བར། སྲོག་གི་ཕྱིར་ཡང་བོད་རང་བཙན་འཐབ་རྩོད་རྒྱུན་འཁྱོངས་བྱ་རྒྱུའི་” གྲོས་ཆོད་གྲོས་འཆར་ཞིག་བཏོན་པར། སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་འཆར་དེར་དགག་བྱ་ཡོད་མེད་གཟིགས་སྐབས་དགག་བྱ་བྱུང་སྟབས། གྲོས་ཚོགས་ནས་མང་མོས་ཀྱིས་རྒྱབ་སྐྱོར་མ་ཐོབ་སྟེ་གྲོས་འཆར་དེ་ཚུད་མེད

དེ་རྗེས་སྤྱི་འཐུས་ལྷག་པ་ཚེ་རིང་མཆོག་གིས་ ཡིག་ཆ་ཨང་། ༢༣ “ད་ཕན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ཞབས་ཞུ་བར་གཏོགས་པ་ཚང་མས་གཞུང་འབྲེལ་ཕྱག་ལས་གནང་སྐབས་ཕ་སྐད་གཙང་མ་བཀོལ་སྤྱོད་གནང་རྒྱུའི་” གྲོས་ཆོད་གྲོས་འཆར་བཏོན་པར། སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་གིས་རྒྱབ་སྐྱོར་གནང་རྗེས། རིམ་པས་སྤྱི་འཐུས་རྣམ་པས་བོད་ཀྱི་སྐད་ཡིག་གི་གལ་གནད་དང་། རྒྱ་ནག་དམར་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་རྒྱུའི་ཁྲིམས་དང་སྲིད་བྱུས་སྣ་ཚོགས་སྤེལ་བཞིན་པར་གདོང་ལེན་གནང་ཕྱོགས། བོད་ཀྱི་སྐད་ཡིག་མི་ཉམས་གོང་སྤེལ་སླད་བོད་མི་ཚང་མས་འགན་ཁུར་བཞེས་ཕྱོགས་སོགས་ཀྱི་ཐོག་བགྲོ་གླེང་ལྷུགས་པོ་གནང་རྗེས། སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

སྤྱི་འཐུས་སྒོ་དྲུག་སྐལ་བཟང་ཕུན་ཚོགས་མཆོག་གིས། ཡིག་ཆ་ཨང་ ༢༤ བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་གཉིས་པ། ནང་གསེས་ ༡ སྤྱི་འཐུས་རྒྱུན་ལས། “སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་མ་འཚོགས་པའི་སྐབས་རྒྱུན་ལས་ཚོགས་ཆུང་ཞིག་དགོས་པར་ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་དང་། ཆོས་བརྒྱུད་རེ་ནས་སྤྱི་འཐུས་རེ། རྒྱ་བལ་འབྲུག་གསུམ་ལས་གཞན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་གཅིག་རེ་བཅས་གོང་གསལ་ཁུངས་སོ་སོས་འོས་བསྡུའམ། ཡང་ན་དམིགས་འཛུགས་གང་འོས་སྐབས་བསྟུན་བྱ་རྒྱུ་དང་། ལོ་རེའི་མཚམས་ནས་བསྐྱར་འདེམས་བྱ་རྒྱུ།” ཞེས་པའི་སྤྱི་འཐུས་སྒེར་གྱི་ཁྲིམས་ཡིག་བསྐྱར་བཅོས་ཁྲིམས་འཆར་བཏོན་པར། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པའི་ཐོག་ནས་བགྲོ་གླེང་དང་བཅས་སྤྱི་འཐུས་རྩ་འབོར་གསུམ་ཆ་ཡན་གྱིས་རྒྱབ་སྐྱོར་མ་ཐོབ་སྟབས་ཁྲིམས་འཆར་དེ་ཟགས་སོང་།

 

ཉིན་རྒྱབ་བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་མིག་ཀྱི་ ལེམ་ལི་ (Mickey Lemle, Chairman) ལགས་ཀྱིས་གཙོས་པའི་ཚོགས་མི་ཁག་ཅིག་དང་། སློབ་སྟོན་པ། ཐེབས་རྩའི་སྐུ་མགྲོན་ཁག་ཅིག་ཕེབས་སྐབས། དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ལེན་མཇལ་འཕྲད་དང་། དེ་རྗེས་ གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་པར། གྲོས་ཚོགས་ནས་དགའ་བསུ་ཞུས་གནང་སོང་།

དེ་རྗེས། ལས་རིམ་སྔོན་མའི་འཕྲོསནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པསདགོངས་ཚུལ་དང་། དོགས་འདྲི་གནང་བ་ཁག་ལ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་བ་བཅས།