དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུའི་ཐོག་ཕེབས་པའི་ཚོགས་བཅར་བ་རྣམས་དང་མཇལ་འཕྲད་གནང་བ། 

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༩ པའི་ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་རྒྱུན་ལས་ཚོགས་ཁང་ནང་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུའི་ཐོག་ཕེབས་པའི་རྒྱ་རིགས་ཚོགས་བཅར་བ་རྣམས་དང་ལྷན་མཇལ་འཕྲད་གནང་སོང་།

ཚོགས་ཆུང་ནང་ཨ་རི་དང་། ཁེ་ན་ཌ། ཨིན་ཡུལ། འཇར་མན་ནི། ནི་ཐར་ལན་ཌི། ཨོ་སི་ཀྲོ་ལི་ཡ། ཉི་འོང་། ཐེ་ཝན། ལྷོ་སོག རྒྱ་གར་སོགས་ནས་ཕེབས་པའི་རྒྱ་རིགས་ཤེས་ཡོན་ཅན་དང་། ལས་འགུལ་སྣེ་ཁྲིད་པ། མང་གཙོའི་སྤྱི་ཚོགས་ཀྱི་ལས་འགུལ་བ་དང་ཆེད་ལས་མི་སྣ་སོགས་ཡོད་པ་རེད།

མཇལ་འཕྲད་སྐབས། སྤྱི་འཐུས་རྒྱུན་ལས་ཆོས་གྲགས་རྒྱ་མཚོ་མཆོག་དང་། ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་མཉམ་ཞུགས་གནང་བ་དང་། དེ་བཞིན་རྒྱ་རིགས་ཚོགས་ཆུང་དང་ལྷན་བྱང་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་། ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་རྣམ་གཉིས་ལྷན་བཅར་ཞུས་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་པེ་ཅིང་གནམ་སྡེ་སྒོ་མོ་ཆེ་ཐང་ཆེན་དུ་སློབ་ཕྲུག་གིས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་སྐབས་འགོ་ཁྲིད་གཙོ་གྲས་སྐུ་ཞབས་ཝང་དན་ (Wang Dan) ལགས་ཀྱིས་གཙོས་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ནས་མུ་མཐུད་རྒྱ་ནག་ནང་མང་གཙོ་ཡོང་ཐབས་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐོག་རྩོད་ལེན་བྱེད་བཞིན་པར་བསྔགས་བརྗོད་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་དགོངས་ཏེ། བོད་མིའི་སྒྲིག་འཛུགས་རིམ་པས་ཆ་ལག་ཚང་བའི་མང་གཙོའི་ལམ་ལུགས་སུ་བསྒྱུར་གནང་མཛད་པའི་སྐོར་དང་། ད་ལྟའི་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག བོད་ནང་འགྲོ་བ་མིའི་ཆེ་མཐོང་ལ་གནོད་སྐྱོན་དང་། དད་པ་ནག་ཉེས་སུ་བརྩི་བ། དངོས་ཡོད་གནས་ཚུལ་བཀག་སྡོམ་དང་ལོག་འགྲེལ་བྱེད་པ་སོགས་འཛུགས་བསྐྲུན་ཡར་རྒྱས་ལ་ཁ་གཡར་ཏེ། སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་ཡོད་པའི་གནས་སྟངས་སྤྱི་དང་། ལྷག་པར་དུ་ཉེ་ཆར་རྒྱ་ནག་དམར་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱེད་འགོ་བཙུགས་ཤིང་། ཁྲིམས་ཡིག་དེའི་མིང་ལ་མཐུན་སྒྲིལ་ཡར་རྒྱས་ཞེས་བེད་སྤྱོད་བྱས་ཡོད་ཀྱང་དོན་ལ། བོད་རིགས་ཚུད་པའི་རྒྱའི་བཙན་དབང་འོག་ཡོད་པའི་མི་རིགས་གཞན་རྣམས་ཀྱི་སོ་སོའི་ཐུན་མོང་མ་ཡིན་པའི་ཆོས་དང་། སྐད་ཡིག རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་གཏོང་རྒྱུའི་ཁྲིམས་ཡིག་ཅིག་ཡིན་པ་དང་། ཁྲིམས་ཡིག་དེའི་ནང་། ཕྲུ་གུ་ཆུང་དུས་འཚར་ལོངས་སྐབས་ཤེས་ཡོན་གྱི་འགན་འཁྲི་ཕ་མས་འཁུར་དགོས་པ་དང་། གལ་སྲིད་ཕ་མས་ཁྲིམས་ཡིག་གཞིར་བཟུང་རྒྱ་སྐད་མ་བསླབ་ཚེ། ཕྲུ་གུས་གོང་རིམ་ལ་སྙན་སེང་ཞུ་དགོས་སྐོར་སོགས་ཕ་མ་དང་ཕྲུ་གུའི་དབར་གྱི་ཡིད་ཆེས་དམ་ཚིག་ལ་གནོད་འཚེ་གཏོང་བ་དང་། དེ་བཞིན་ཁྲིམས་ཡིག་དེའི་ཐོག་ནས་རང་དབང་ལུང་པའི་ནང་ཡོད་པ་རྣམས་ལའང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཅུག་གི་ཡོད་པ་སོགས་ཁྲིམས་ཡིག་དེའི་ཉེན་ཚབས་སྐོར་དང་། རྒྱ་གཞུང་གིས་བོད་ནང་འཛུགས་བསྐྲུན་འདྲ་མིན་བྱས་པར་བརྟེན་ནས་ཚོར་སྣང་སྐྱེན་པའི་མཐོ་སྒང་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཕོག་གི་ཡོད་པ་དང་། ཉེ་ཆར་བལ་བོད་ས་མཚམས་སུ་ཆུ་རུད་བྱུང་སྐབས། རྒྱ་གཞུང་གིས་གནོད་འཚེ་ཕོག་ཡུལ་སྐྱིད་གྲོང་ཁུལ་གྱི་གནས་ཚུལ་རྣམས་གསང་བ་བྱས་ཏེ་ཕྱིར་བསྒྲགས་མ་བྱས་པའི་སྐོར་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ཞིབ་ཕྲ་ངོ་སྤྲོད་དང་། ཆབས་ཅིག་རང་དབང་ལུང་པའི་ནང་ཡོད་པའི་བསམ་ཕྱོགས་མཐུན་པ་ཚང་མས་རྒྱ་གཞུང་འོག་གདུག་སྦྱོང་མནར་གཅོད་མྱོང་མཁན་རྣམས་ཀྱི་མགྲིན་ཚབ་བྱས་ཏེ་མཉམ་རུབ་ཀྱི་ལས་དོན་སྤེལ་དགོས་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་བོད་རྒྱ་གཉིས་ཀའི་ཁེ་ཕན་ལ་དམིགས་ཏེ། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་རྙོག་ཞི་བའི་ཐོག་ནས་སེལ་ཐབས་ཀྱི་འབད་བརྩོན་བྱེད་བཞིན་ཡོད་སྐོར་སོགས་གསུངས་སོང་།

དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་འཚམས་འདྲི་དང་། དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བ། སྔོན་རྩིས་གྲོས་ཚོགས་དང་ལས་བསྡོམས་གྲོས་ཚོགས་བཅས་གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་སོགས་ངོ་སྤྲོད་དང་སྦྲགས་གསུངས་དོན། སྤྱིར་ལོ་རྒྱུས་ཐོག་བལྟས་པ་ཡིན་ན། བོད་དང་རྒྱ་ནག་རྒྱལ་ཁབ་ནི་སོ་སོའི་ལོ་རྒྱུས་ཡུན་རིང་ལྡན་པ་དང་རིག་གཞུང་ཕྱུག་པོ་ཡོད་པའི་མི་རིགས་མི་འདྲ་བ་གཉིས་ཡིན་ཡང་། དུས་རབས་ཉི་ཤུ་པའི་ནང་རྒྱ་ནག་རྒྱལ་ཁབ་དམར་ཤོག་གིས་དབང་བསྒྱུར་བྱས་རྗེས། རྒྱ་ནག་ནང་རིག་གཞུང་དང་མི་རིགས་ཀྱི་གོམས་གཤིས། ཡ་རབས་བཟང་སྤྱོད་ཐད་ཉམས་ཆག་ཆེན་པོ་ཕྱིན་ཡོད་པ་དང་། ལྷག་པར་དུ་བོད་ལ་ནང་ཆོས་མ་དར་བའི་སྔོན་ལ་རྒྱ་ནག་ལ་ནང་ཆོས་དར་ཡོད་ཀྱང་། ད་ཆ་རྒྱ་ནག་ཞིང་ཆེན་ཁག་ནང་སྐུ་འདྲ་རྙིང་པ་མཇལ་རྒྱུ་ཡོད་པ་མང་ཆེ་བ་འཕྲོ་བརླག་ཕྱིན་ཡོད་པ། བོད་ལ་ཆ་མཚོན་ན། དགོན་སྡེ་དྲུག་སྟོང་ལྷག་གཏོར་སྐྱོན་དང་། གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་མུ་མཐུད་བྱས་དང་བྱེད་བཞིན་པ་སོགས་བོད་ཀྱི་ཆོས་དང་། རིག་གཞུང་ཐད་ཉམས་རྒུད་ཆེན་པོ་བཏང་དང་གཏོང་བཞིན་ཡོད་པ། ༧རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ལའང་ཐེ་བྱུས་བྱེད་ཀྱི་ཡོད་པ་སོགས་རྒྱ་ནག་དམར་གཞུང་དེ། ཆོས་དང་། རིག་གཞུང་། སྐད་ཡིག་རྩ་མེད་གཏོང་མཁན་གྱི་ཉེས་ཅན་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་།

རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ལྟ་བུར་མཚོན་ན། རྒྱ་ནག་དམར་གཞུང་གིས་བོད་ས་བཙན་འཛུལ་བྱས་པའི་རྗེས་ལ་སྐུ་འཁྲུངས་ཀྱང་། བོད་རྒྱལ་ཁབ་དང་མི་རིགས་ཆེད་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་བ་སོགས་རྒྱ་ནག་དམར་གཞུང་གིས་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པར་བོད་མི་རྣམས་བཟོད་ཐབས་བྲལ་ཏེ་འ་ཆད་འུ་ཐུག་གིས་རང་ལུས་མེར་བསྲེགས་བཏང་བཞིན་ཡོད་པའི་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་འབྲེལ་མོལ་བརྒྱུད་སེལ་ཐབས་བྱེད་བཞིན་ཡོད་ཀྱང་། དེར་རྒྱ་ནག་དམར་གཞུང་ངོས་ནས་ཡ་ལན་རྩ་བ་ནས་བྱེད་ཀྱི་མེད་པའི་སྐོར། ཉིན་གྲངས་གསུམ་རིང་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཚོགས་པའི་ཐོག་བསྒྲགས་གཏམ་སྤེལ་བའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐོག་གི་བདག་དབང་ཆ་ཚང་༸གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ལ་ཡོད་པ་ལས། རྒྱ་ནག་གཞུང་ལ་གནད་དོན་འདིའི་ཐོག་ཐེ་བྱུས་དང་། བར་འདུམ། ཡང་ན་མཉམ་ཞུགས་བྱ་རྒྱུའི་ཐོབ་ཐང་མེད་པའི་སྐོར་དང་། དེ་བཞིན་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུས་པ་སོགས་བཀོད་ཡོད་པར་བསྔགས་བརྗོད་དང་། མ་འོངས་པར་ཡང་མུ་མཐུད་གྲོས་ཆོད་དེ་ལྟར་ལག་བསྟར་ཡོང་བའི་འབོད་སྐུལ་བཅས་ཞུས་རྗེས།  ཚོགས་བཅར་བ་རྣམས་ཀྱི་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད། མཐར་སྐུ་མགྲོན་རྣམ་པ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་། ཁོང་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་གནང་ཡོད་པ་བཅས།