
༄༅། །རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་བོད་ཀྱི་རྒྱལ་དར་འཁྱེར་ནས་བོད་རང་དབང་རང་བཙན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་གྱུར་ཏེ་བདུན་ཚིགས་བདུན་པ་འཁེལ་གྱི་ཡོད་པ་ལྟར། དམ་པ་དེ་ཉིད་དང་། བོད་ཕྱི་ནང་གཉིས་སུ་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྣམ་པར་མྱ་ངན་གུས་འདུད་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྤྱི་དང་། ལྷག་པར་དུ་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བར་ངོ་རྒོལ་མཚོན་ཕྱིར།

ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༢༠ ཉིན་གྱི་སྔ་དྲོ་བཀའ་སྤྱི་ཐུན་མོང་གིས་གོ་སྒྲིག་འོག བཞུགས་སྒར་རྡ་རམ་ས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྔ་དྲོ་ཆུ་ཚོད་ ༡༠།༠༠ ནས་ ༡༢།༠༠ བར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ་དང༌། དེ་རྗེས་གཙུག་ལག་ཁང་ནས་རྡ་ཤོད་ཉེན་རྟོག་པའི་ཐང་ཆེན་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེས་གཙོས་པའི་སྲི་ཞུའི་ལས་བྱེད་རྣམ་པ། སེར་སྐྱ་མང་ཚོགས་བཅས་མཉམ་ཞུགས་གནང་ཡོད།

དེ་རྗེས། རྡ་ས་ཉེན་རྟོག་ཐང་ཆེན་དུ་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག བོད་མིའི་སྐྱིད་སྡུག་མཉམ་མྱོང་ལས་འགུལ་གྱི་མཇུག་བསྡོམས་མཛད་སྒོ་ཚོགས་ཤིང་། སྐབས་དེའི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་སྐུ་ཞབས་ཤེམ་ཤར་ སིངྒ་ ནེ་རི་ཡ་ (Shamsher Singh Nehria) མཆོག རྡ་ས་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇིཏ་ ནེ་རི་ཡ་ (Ajit Nehria) ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་བཅས་ནས་གསུང་བཤད་གནང་བ་དང་། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏ་ ཀུ་མར་ (Shanta Kumar) མཆོག་གི་གསུང་འཕྲིན་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ནས་སྙན་སྒྲོན་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསྟན་འཛིན་བློ་བཟང་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སྟེ། བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་རྒྱལ་ཁའི་ངང་མཇུག་བསྒྲིལ་གནང་ཡོད་པ་བཅས།









