རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་དམ་པའི་ཞེ་དགུའི་ཉིན་བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་སྐབས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་འདིར་ཞི་བའི་གོམ་བགྲོད་ལ་ཕེབས་མཁན་རྣམ་པ་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་དང་། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རྒྱ་ནག་དམར་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་བྱས་ཏེ་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ནས་དངོས་སུ་ལག་བསྟར་བྱ་རྒྱུའི་ཉིན་གཉིས་པ་སྟེ་ཕྱི་ཟླ་ ༧ ཚེས་ ༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་བོད་ཀྱི་རྒྱལ་དར་འཁྱེར་ནས་བོད་རང་དབང་རང་བཙན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་གྱུར་ཏེ་དེ་རིང་བདུན་ཚིགས་བདུན་པ་འཁེལ་གྱི་ཡོད་པ་ལྟར། དམ་པ་དེ་ཉིད་དང་བོད་ཕྱི་ནང་གཉིས་སུ་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྣམ་པར་གུས་འདུད་ཞུ་རྒྱུ་དང་། བཀའ་སྤྱི་ཐུན་མོང་ནས་གོ་སྒྲིག་འོག་དེ་རིང་སྔ་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞུས་པ་དང་། དེ་རྗེས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་སྤེལ་བ་རེད།

རྒྱ་ནག་དམར་གཞུང་གིས་བོད་ལ་བཙན་འཛུལ་དབང་བསྒྱུར་བྱས་པ་ནས་བཟུང་བོད་ཡུལ་སྟོད་སྨད་བར་གསུམ་གང་སར་གཏེར་ཁ་སྔོག་འདོན་དང་། ནགས་ཚལ་གཅོད་འབྲེག ལྷོ་ཆུ་བྱང་འདྲེན། གློག་ཁང་གསར་རྒྱག་སོགས་གཙང་པོ་བཀག་སྐྱིལ་དང་ཁ་བསྒྱུར་ལ་བརྟེན་ནས་རང་བྱུང་ཐོན་ཁུངས་ལ་གཏོར་སྐྱོན་ཚད་ལས་བརྒལ་བ་བཏང་དང་གཏོང་མུས་ཡིན་པ་མ་ཟད། བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་སུ་འཕྲོག་སྟེ། ཆོས་དད་དང་། འགྲོ་འོང་། སྨྲ་བརྗོད། སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་སོགས་ཀྱི་རང་དབང་གཏན་ནས་མེད་པར་བཀག་སྡོམ་བྱས་ཡོད་ལ། བོད་ཕྲུག་ས་ཡ་བརྒལ་བ་རྒྱའི་བཅའ་སྡོད་སློབ་གྲྭ་ཟེར་བ་ཁག་ནང་བཙན་དབང་གིས་བཅུག་ནས་རྒྱ་ཡིག་མ་གཏོགས་རང་གི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་སྦྱོང་རྒྱུའི་གོ་སྐབས་མེད།

རྒྱ་གཞུང་གིས་དང་ཐོག་མི་རབས་གཉིས་པའི་སྲིད་བྱུས་ཟེར་བའི་ཐོག་བོད་མིས་འདོད་པ་ཡེ་ནས་མེད་བཞིན་དུ་བོད་ཀྱི་སྣོད་བཅུད་གཉིས་ལ་ཡ་ང་བའི་གདུག་རྩུབ་ཅན་གྱིས་སྲིད་བྱུས་ངན་པ་རབ་དང་རིམ་པ་ལག་བསྟར་བྱས་པར་བོད་ཕྱི་ནང་གཉིས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པ་མང་པོ་སྤེལ་ཡོད་ལ། ལྷག་དོན་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་ ༡༥༧ ཙམ་གྱིས་སྔ་རྗེས་སུ་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད།

ཉེ་ཆར་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་དམ་པ་ཁོང་གིས་ཕྱི་ཟླ་ ༧ ཚེས་ ༢ ཉིན་རང་ལུས་མེར་བསྲེགས་མ་གནང་བའི་སྔོན་ལ་མཐའ་མའི་ཞལ་ཆེམས་ཀྱི་བརྙན་ཐུང་ནང་། “རྒྱ་ནག་གུང་ཁྲན་གྱིས་བོད་ལ་འཛིན་པའི་སྲིད་བྱུས་དང་། བོད་མི་རིགས་རྩ་མེད་རང་གཏོང་རྒྱུའི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད། ་་་་་་ དེ་ཡིན་དུས་ད་རེས་ནས་བཟུང་སྟེ་ངས་ག་རེ་ཞུ་ཡི་ཡོད་ཟེར་ན། རྒྱ་ནག་གུང་ཁྲན་གྱིས་བོད་མི་རིགས་ཆོལ་ཁ་གསུམ་ཟེར་ན་མི་འདུག བོད་མི་ཡོངས་སུ་རྫོགས་པ་དབྱེ་བ་ཕྱེ་ཡོད་མ་རེད། གཙབས་པ་རེད་དཱ། གཙབ་ཅིག་གཙབས་ཡོད་པ་རེད། མདོ་སྟོད་མདོ་སྨད་དབུས་གཙང་ཞེས་དབྱེ་བ་ཕྱེ་ཡོད་མ་རེད། གང་ག་གཙབས་ཡོད་པ་རེད་དཱ། དེའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོ་གང་ག་བོད་པ་རེད། བོད་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་ལས་དགོས་ཀྱི་རེད། བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་ལས་དགོས་རེད། ད་ལྟ་ང་ཚོ་ག་གང་ཅིག་མི་འདུག འགྲོ་བ་མིའི་ཐོབ་ཐང་མི་འདུག སྨྲ་བརྗོད་རང་དབང་མི་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བཞག་རྒྱུའི་རང་དབང་མི་འདུག་ཟེར་དུས། རང་དབང་ཡོངས་སུ་རྫོགས་པ་དེ་ག་རེ་བྱས་ནས་མེད་པ་རེད། བོད་རང་བཙན་ཤོར་བའི་རྒྱུ་མཚན་ལ་བརྟེན་ནས་མེད་པར་ཆགས་པ་རེད། རྒྱུ་མཚན་དེ་ཡིན་དུས་ང་ཚོ་གང་གས་ཉིན་མོ་དེ་རིང་ནས་བཟུང་སྟེ། བོད་གཞུང་ཡིན་ནའང་རེད། སྤྱི་འཐུས་གྲོས་ཚོགས་ཡིན་ནའང་རེད། བོད་མི་མང་ཡིན་ནའང་རེད། གང་ག་རྡོག་རྩ་གཅིག་ཏུ་སྒྲིལ་ནས་དེ་རིང་ནས་བཟུང་སྟེ་ང་ཚོ་བོད་རྒྱལ་ཁབ་དང་མི་རིགས་འདིའི་ཆེད་དུ་ང་ཚོ་གང་གས་ཕྱག་ལས་གནང་རྒྱུ་དང་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག ” ཅེས་ཞལ་ཆེམས་ནང་གསུངས་པ་བཞིན་འདི་ལྟ་བུས་བློས་གཏོང་གནང་དགོས་པ་ནི་རྒྱ་ནག་དམར་ཤོག་གཞུང་གིས་གདུག་རྩུབ་ཅན་གྱིས་སྲིད་བྱུས་རབ་དང་རིམ་པ་ལག་བསྟར་བྱས་པ་ལ་ཐུག་ཅིང་། འཛམ་གླིང་ཀུན་ལ་གསལ་པོ་ཆགས་པའི་བོད་མིའི་བློས་གཏོང་འདི་རིགས་ལ་ད་དུང་ཡང་རྒྱ་གཞུང་ནས་བརྩིས་མེད་རྡོག་རོལ་གྱིས་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་བརྫུན་བཟོས་ཀྱིས་གསར་འགྱུར་བརྒྱུད་ལམ་ཁག་དང་སྤྱི་ཚོགས་དྲ་རྒྱའི་ནང་ཁྱབ་སྤེལ་གྱིས་འགན་འཁུར་མེད་པའི་གོ་བརྡ་ལོག་པ་སྤྲོད་ཐབས་བྱེད་ཀྱི་ཡོད།

དུས་སྐབས་དང་གནས་སྟངས་ཛ་དྲག་ཅན་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ནས་བཟང་སྤྱོད་དང་། དྲང་བདེན་གྱིས་འགན་ཁུར་གནང་དགོས་འབོད་སྐུལ་ཞུ་རྒྱུ་ནི། ༡། རྒྱ་གཞུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཇི་ལྟར་ལག་བསྟར་བྱེད་བཞིན་པ་དང་། དེས་འགྲོ་བ་མིའི་ཐོབ་ཐང་ལ་ཤུགས་རྐྱེན་ཇི་ཐེབས་བལྟ་ཞིབ་ནན་པོ་བྱས་ཏེ། རྒྱལ་སྤྱིའི་ནང་བལྟ་ཞིབ་དང་དོ་སྣང་མུ་མཐུད་ནས་ཡོང་ཐབས་བྱ་དགོས་རྒྱུ། ༢། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞིབ་འཇུག་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་ལག་བསྟར་བལྟ་ཞིབ་ཆེད་ལས་ཚོགས་ཆུང་། རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཐབས་ལམ་ཁག་བརྒྱུད་ནས་རང་དབང་ལྡན་པའི་ཞིབ་འཇུག་ཡོང་རྒྱུར་རྒྱབ་སྐྱོར་གནང་དགོས་རྒྱུ། ༣། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཇི་ལྟར་ལག་བསྟར་བྱེད་པ་དང་། དེའི་མཇུག་འབྲས་ཐོག་བློ་འཚབ་ཡོད་པ་མང་ཚོགས་ནང་གསལ་སྟོན་གནང་གལ། ༤། རྒྱལ་ཁབ་ཕན་ཚུན་འབྲེལ་བ་གནང་སྐབས་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་འདུས་པའི་སྒྲིག་འཛུགས་སམ་ལྷན་ཚོགས་སྐབས་གནད་དོན་དེའི་ཐོག་གླེང་སློང་གནང་དགོས་རྒྱུ། ༥། བོད་དང་། གནོད་འཚེ་ཕོག་པའི་མི་རིགས་གཞན་རྣམས་ཀྱི་སོ་སོའི་ཆོས་དང་། རིག་གཞུང་། སྐད་ཡིག འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་རྒྱབ་སྐྱོར་གནང་དགོས་རྒྱུ། ༦། རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཐོག་གདོང་ལེན་བྱེད་ཕྱོགས་ཤུགས་ཆེ་རུ་བཏང་སྟེ། རང་དབང་ལུང་པའི་ནང་ཡོད་པའི་བོད་མིའི་སྤྱི་ཚོགས་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། དྲང་བདེན་ལ་རྒྱབ་ལངས་ལས་འགུལ་བ་རྣམས་ལ་སྲུང་སྐྱོབ་གནང་དགོས་རྒྱུ་དང་། འཛམ་གླིང་མང་གཙོའི་རང་དབང་ལ་ཉེན་ཁ་བཟོ་བཞིན་པའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་རིགས་མཐའ་དག་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ། ༧། རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་བཙན་བཟུང་མ་བྱས་གོང་བོད་འདི་ལོ་རྒྱུས་ཐོག་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པར་ངོས་འཛིན་གནང་དགོས་རྒྱུ། ༨། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བོད་མིའི་འཚེ་མེད་ཞི་བའི་མངོན་འདོད་ཐོག་རྒྱབ་སྐྱོར་བྱས་ཏེ། བོད་རྒྱའི་དཀའ་རྙོག་འབྲེལ་མོལ་བརྒྱུད་སེལ་ཐབས་སུ་རྒྱ་དམར་གཞུང་གི་འགོ་ཁྲིད་རྣམས་ལ་སྐུལ་འདེད་གནང་རྒྱུ།

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱས་པ་དེ་བོད་མི་ཁོ་ནའི་གནད་དོན་ཞིག་མིན་པར། དེས་རིག་གཞུང་སྣ་མང་ཅན་སྲུང་སྐྱོབ་དང་། ཆོས་དད་རང་དབང་། སྐད་ཡིག་བཀོལ་སྤྱོད་རང་དབང་། གྲངས་ཉུང་མི་རིགས་སྲུང་སྐྱོབ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ཁག་བརྩི་སྲུང་བྱེད་ཀྱི་ཡོད་མེད་མཚོན་གྱི་ཡོད། གལ་ཏེ་མི་རིགས་ཤིག་གི་ངོ་བོར་ཉེན་ཁ་བྱུང་ཚེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲོམ་གཞིའི་གཞི་རྟེན་ལའང་ཉེན་ཁ་བཟོ་བཞིན་ཡོད། བོད་མིའི་འཐབ་རྩོད་ནི་བདེན་པ་དང་། འཚེ་བ་མེད་པའི་ཐབས་ལམ་བཅས་ལ་གཞི་བཅོལ་བའི་འཐབ་རྩོད་ཅིག་ཡིན་པས། ས་གནས་གང་དུའང་དྲང་བདེན་མིན་པའི་གནས་ཚུལ་བྱུང་སྐབས་ཁུ་སིམ་པོར་སྡོད་པ་དེས་གཉའ་གནོན་བྱེད་པོར་མུ་མཐུད་བྱ་ངན་བརྩམ་རྒྱུར་སྤོབས་པ་དང་གདེང་ཚོད་སྤྲོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེར་བརྟེན། རང་དབང་མེད་པར་བཙན་ཤེད་ཀྱིས་མི་རིགས་མཉམ་བསྲེས་བྱས་ནས་གཏན་གྱི་ཞི་བདེ་བསྐྲུན་མི་ཐུབ་ལ། མི་རིགས་ཀྱི་ངོ་བོ་རྩ་མེད་བཏང་ནས་རྒྱུན་གནས་ཐུབ་པའི་མཐུན་སྒྲིལ་ཞིག་ནམ་ཡང་བཟོ་མི་ཐུབ། དེ་ལས་འགྲོ་བ་མིའི་ཆེ་མཐོང་དང་། རིག་གཞུང་སྣ་མང་། ཆོས་དད་རང་དབང་། དོན་དང་ལྡན་པའི་གྲོས་མོལ་བཅས་ལ་བརྩི་བཀུར་བྱས་པ་བརྒྱུད་ཞི་བདེ་བརྟན་ལྷིང་དང་འཆམ་མཐུན་གྱི་མ་འོངས་པ་ཞིག་བསྐྲུན་ཐུབ་ངེས་ཡིན། བོད་ཀྱི་མ་འོངས་པའི་གནད་དོན་ནི་དྲང་བདེན་དང་། ཞི་བའི་གྲོས་མོལ་བརྒྱུད་ནས་ཐག་གཅོད་བྱེད་དགོས་པ་ཞིག་ཡིན་པ་ལས་ད་ཆ་མི་རིགས་མཉམ་བསྲེས་དང་། བཙན་ཤེད་ཀྱི་ཐོག་མི་རིགས་རྩ་མེད་བཟོ་ཐབས་བྱེད་པའི་གནས་སྟངས་ཤིག་ཆགས་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མིའི་ངོ་བོ་སྲུང་སྐྱོབ་སླད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།

རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་དམ་པས་རང་ལུས་མེར་བསྲེགས་ཀྱིས་བློས་གཏོང་གནང་བ་འདི་ཡིས་མཉམ་འབྲེལ་རྒྱལ་ཚོགས་དང་། སྲིད་གཞུང་ཁག། མི་མང་བཅས་འཛམ་གླིང་ཡོངས་ལ་བོད་ཀྱི་དཀའ་སྡུག་རྣམས་གསལ་སྟོན་བྱས་ཏེ་རྒྱ་ནག་གཞུང་གིས་སྲིད་བྱུས་ལ་གདོང་ལེན་དང་ངོ་རྒོལ་གྱིས་བོད་ཀྱི་ལོ་རྒྱུས་ནང་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་ལེའུ་གསར་པ་ཞིག་ཆགས་ཡོད། དེར་བརྟེན་ཕྱི་ཟླ་ ༧ ཚེས་ ༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་ཁྱབ་གསར་འགོད་བསྒྲགས་གཏམ་སྤེལ་བ་དང་། དེ་རྗེས་འཛམ་གླིང་རྒྱལ་ཁབ་ཁག་དང་། གྲོས་ཚོགས། མཉམ་སྦྲེལ་རྒྱལ་ཚོགས། ཡུ་རོབ་མཐུན་ཚོགས། རྒྱལ་སྤྱིའི་སྡེ་ཚན་ཡོངས་ལ་གོང་གསལ་གནད་དོན་དང་འབྲེལ་བའི་འབོད་སྐུལ་ཞུ་ཡིག་ཁྱོན་བསྡོམས་གྲངས་ ༨༣༧ བསྐུར་གཏོང་བྱས་ཡོད། དེ་བཞིན་རྒྱལ་སྤྱིའི་གསར་འགྱུར་སྡེ་ཁག་ལའང་གློག་འཕྲིན་ཐོག་འབོད་སྐུལ་ཡིག་ཆ་ཁག་བཏང་ཡོད་པ་མ་ཟད། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། བོད་རིགས་ཚོགས་པ་ཁག་ལ་མཇུག་སྐྱོང་དགོས་པའི་གནས་འཕྲིན་བཀའ་ཤག་བརྒྱུད་སྐུ་ཚབ་དོན་གཅོད་ཁག་ལ་ཡིག་འབྲེལ་ཞུས་ཡོད། དེ་འབྲེལ་བོད་མི་མང་སྤྱི་འཐུས་རྣམ་པ་རྒྱ་གར་ནང་བོད་མིའི་གནས་སྡོད་ས་ཁུལ་ཁག་ཏུ་འཚམས་གཟིགས་སུ་ཕེབས་སྐབས། རང་བཙན་བློ་དགའ་དམ་པའི་བློས་གཏོང་དང་འབྲེལ་བའི་མི་མང་ལ་ངོ་སྤྲོད་གནང་དགོས་པའི་གཏམ་བཤད་བརྗོད་གཞི་སྤྱི་འཐུས་རྣམ་པ་ཡོངས་ལ་ཡིག་ཐོག་ནས་བཀོད་མངགས་བྱས་ཡོད། ཕྱི་ཟླ་ ༧ པའི་ཟླ་མཇུག་ཏུ་རྒྱ་གར་གཞུང་གི་ཆར་དུས་གྲོས་ཚོགས་དང་བསྟུན། སྤྱི་འཐུས་ཚོགས་གཞོན་མཆོག་གི་སྣེ་འཁྲིད་པའི་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་ཁག་གཉིས་ལ་ཆ་བགོས་ཀྱིས་རང་བཙན་བློ་དགའ་དམ་པའི་བློས་གཏོང་དང་། རྒྱ་གཞུང་གི་ཁྲིམས་ཡིག་ཐོག་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་། རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི། གཞན་གནད་ཡོད་མི་སྣ་བཅས་མང་པོ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱིས་འབྲེལ་ཡོད་ཡིག་ཆ་ཁག་ཕུལ་ཐུབ་པ་བྱུང་ཡོད། དེ་བཞིན་རིང་མིན་ཕྱི་ཟླ་ ༩ པའི་ནང་གྲོས་ཚོགས་ཚོགས་སྐབས་སྤྱི་འཐུས་རྣམ་པ་ཡོངས་རྫོགས་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་ལས་འགུལ་སྤེལ་ཕྱོགས་སྐོར་གོ་བསྡུར་བྱ་འཆར་ཡོད།

འཛམ་གླིང་ས་ཕྱོགས་གང་སར་གནས་པའི་རང་རིགས་བོད་མི་དང་། བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཚོས་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་དམ་པའི་བློས་གཏོང་དང་འབྲེལ་ནས་རྣམ་པ་འདྲ་མིན་གྱི་གཞི་རྒྱ་ཆེ་བའི་ལས་འགུལ་རྒྱུན་མཐུད་ནས་སྤེལ་སོང་བ་དང་། ལྷག་པར་དུ་ནིའུ་ཡོག་གནས་སྡོད་བོད་མི་རྣམས་དང་། ཚོགས་པ་མང་པོས་ལས་འགུལ་རིམ་པར་སྤེལ་སོང་བར་གོ་སྐབས་འདི་བརྒྱུད་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་སྤྱི་སྒེར་ཡོངས་ནས་སྔར་ལྷག་སྙིང་སྟོབས་སེམས་སུ་བཅངས་ནས་བོད་སྤྱིའི་རྩ་དོན་འཐབ་རྩོད་ཐོག་འབད་བརྩོན་ཧུར་བསྐྱེད་གནང་དགོས་པའི་སྐུལ་མ་ཞུ་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁམས་གསུམ་སྐྱེ་འགྲོ་ཀུན་དང་། ལྷག་པར་དུ་བདག་ཅག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཅིང་། བོད་ཀྱི་རང་དབང་སླར་གསོའི་དོན་དུ་བོད་ཕྱི་ནང་གཉིས་ནས་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་ཚོའི་ཞལ་ཆེམས་དོན་སྨིན་ཡོང་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༠ ལ།།