སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་རྣམ་གཉིས་ལྷོ་འབྲས་ལྗོངས་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་མཚམས་གཟིགས་ཕེབས་ཏེ་ས་གནས་གཞིས་མི་རྣམས་དང་ལྷན་མི་མང་ཚོགས་འདུ་འཚོགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༧ ཉིན་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་རྣམ་གཉིས་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་ཚབ་དང་། ས་འཐུས་ཚོགས་གཙོ། གཞོན་ནུ། བུད་མེད། མཉམ་འབྲེལ། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ། ས་གནས་མི་མང་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གནང་སྟེ། རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་དུ་མི་མང་འཚོགས་འདུའི་ཐོག་བཀུར་འོས་སྤྱི་འཐུས་རྣམ་གཉིས་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་ཉེ་ཆར་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་རང་བཙན་ཆེད་རང་ལུས་མེར་སྲེག་གནང་བར། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེ་གནང་གི་ཡོད་པར་བོད་མི་ཚང་མས་དངོས་ཤུགས་བརྒྱུད་གསུམ་ནས་དཔའ་བོའི་ཞལ་ཆེམས་ཡིད་ལ་བཅང་སྟེ་བོད་དོན་འཐབ་རྩོད་ཐོག་སྔར་ལྷག་མཉམ་ཞུགས་དགོས་པའི་སྐོར་ལ་བཀའ་སློབ་གནང་བ་མ་ཟད། མཇུག་ཏུ་མང་ཚོགས་ལ་དྲི་བ་དྲིས་ལན་གྱི་གོ་སྐབས་ཡང་གནང་ཡོད་པ་བཅས།