བཀའ་སྤྱི་གཉིས་ལས་གྲུབ་པའི་མཆོད་འབུལ་སྨོན་ལམ་དང་། ཞི་བའི་གོམ་བགྲོད་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་ལས་དོན་དབུ་བཙུགས་གནང་བ།

༄༅། །རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་དམ་པ་དེ་ཉིད་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་ཆེད། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་ཏེ་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༠ ཉིན་བདུན་ཚིགས་བདུན་པ་འཁེལ་གྱི་ཡོད་པ་ལྟར། དམ་པ་དེ་ཉིད་དང་། བོད་ཕྱི་ནང་གཉིས་སུ་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྣམ་པར་མཆོད་འབུལ་སྨོན་ལམ་དང་། མྱ་ངན་གུས་འདུད། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྤྱི་དང་། རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བར་ངོ་རྒོལ་མཚོན་ཕྱིར་བཀའ་སྤྱི་ཐུན་མོང་ནས་གོ་སྒྲིག་བྱས་ཏེ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྔ་དྲོ་ཕྱག་ཚོད་ ༡༠ ནས་ ༡༢ བར་མཆོད་འབུལ་སྨོན་ལམ་འཚོགས་རྒྱུ་དང༌། དེ་རྗེས་རྡ་ཤོད་ཉེན་རྟོག་པའི་ཐང་བར་ཞི་བའི་གོམ་བགྲོད་གནང་གཏན་འཁེལ་ཡོད་པའི་གསལ་བསྒྲགས་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༧ ཉིན་སོང་ཟིན་པ་ལྟར། བཀའ་སྤྱི་གཉིས་ལས་གྲུབ་པའི་མཆོད་འབུལ་སྨོན་ལམ་དང་། ཞི་བའི་གོམ་བགྲོད་ལས་འགུལ་གོ་སྒྲིག་ཚོགས་ཆུང་ཞིག་བསྐོ་འཛུགས་དགོས་པ་བཞིན། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་མཆོག་བཅས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༡༧ ཉིན་གོ་སྒྲིག་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག ཕྱི་དྲིལ་དྲུང་ཆེ་ཀརྨ་རིན་ཆེན་ལགས། འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས། དཔལ་འབྱོར་དྲུང་ཆེ་ཐུབ་བསྟན་ཚེ་རིང་ལགས་བཅས་དང༌། ཚོགས་ཆུང་ལ་ཕྱག་རོགས་ཞུ་མཁན་བདེ་སྲུང་ཟུང་དྲུང་འཇིགས་མེད་རྒྱ་མཚོ་ལགས་དང༌། རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་བཅས་སུ་བསྐོ་གཞག་བཀོད་ཁྱབ་གནང་ཡོད།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བཀའ་སྤྱི་གཉིས་ལས་གྲུབ་པའི་མཆོད་འབུལ་སྨོན་ལམ་དང་། ཞི་བའི་གོམ་བགྲོད་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པ་ལྷན་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་དང༌། ཞི་བའི་གོམ་བགྲོད་ལས་འགུལ་དང་འབྲེལ་བའི་ལས་དོན་བྱེད་སྒོ་ཁག་གི་ཐོག་ལས་དོན་གནང་འགོ་བཙུགས་ཤིང་། གོང་གསལ་ལྟར་འདི་ཟླའི་ཚེས་ ༢༠ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྔ་དྲོ་ཕྱག་ཚོད་ ༡༠ ནས་ ༡༢ བར་མཆོད་འབུལ་སྨོན་ལམ་འཚོགས་རྒྱུ་དང༌། མཆོད་འབུལ་སྨོན་ལམ་གྲུབ་རྗེས། རྡ་ཤོད་ཉེན་རྟོག་པའི་ཐང་ཆེན་བར་ཞི་བའི་གོམ་བགྲོད་གནང་གཏན་འཁེལ་ཡོད་པ་བཅས།