སྤྱི་འཐུས་སོག་སྟོད་དངོས་གྲུབ་རྡོ་རྗེ་མཆོག་དང་སྤྱི་འཐུས་དཀོན་མཆོག་རིན་ཆེན་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་མུ་མཐུད་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ།


༄༅། །བོད་མི་མང་སྤྱི་འཐུས་སོག་སྟོད་དངོས་གྲུབ་རྡོ་རྗེ་མཆོག་དང་སྤྱི་འཐུས་དཀོན་མཆོག་རིན་ཆེན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༣ ནས་ ༡༡ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༨ པའི་ཚེས་ ༧ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་སྤྱི་འཐུས་རྣམ་གཉིས་ནས་དུས་འཁོར་ལྷ་ཁང་དང་། མཐོ་ལྡིང་པདྨོ་ཚལ་གཉིས་ལ་གནས་མཇལ་དང་། དེ་ནས་ཀླུ་ཁང་ལ་མཚམས་གཟིགས་གནང་ཡོད་འདུག

དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ལས་རོགས་ཨ་ཏུལ་ ལི་མ་ཡེ་ (Sh. Atul Limaye RSS) ལགས་དང་། སྐུ་ཞབས་ཨ་ཤི་ཤ་ བྷ་ཝི་ (Sh. Ashish Bhave RSS) ལགས་རྣམ་གཉིས་ས་གནས་འགོ་འཛིན་ལས་ཁུངས་སུ་ཐད་ཀར་བཅར་སྐབས་སྤྱི་འཐུས་རྣམ་གཉིས་ནས་མཇལ་འཕྲད་གནང་འདུག།

ཕྱི་ཚེས་ ༨ རེས་གཟའ་སྤེན་པ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་སྤྱི་འཐུས་རྣམ་གཉིས་ནས་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་དང་། དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཤར་བྱང་གཉིས། རྙིང་མ་གྲྭ་ཚང་བཅས་ཀྱི་༧སྐྱབས་གནས་མཁན་རིན་པོ་ཆེ་རྣམ་པ་སོ་སོར་མཇལ་འཕྲད་ཀྱིས་བཀའ་སློབ་ལམ་སྟོན་ཁག་ཞུས་པ་དང་།

ཕྱི་དྲོ་ཆུ་ཚོད་ ༤།༠༠ པའི་ཐོག་མོན་གྷོ་འདོད་རྒུ་གླིང་ན་གཞོན་རྩེད་རིགས་ཚོགས་ཆུང་གི་ཚོགས་མི་རྣམ་པ་ཐུག་འཕྲད་དང་། གཞིས་གྲོང་བཅུ་པར་གཟིགས་སྐོར་ཕེབས་འདུག་པ་བཅས།