སྤྱི་འཐུས་སོག་སྟོད་དངོས་གྲུབ་རྡོ་རྗེ་མཆོག་དང་། སྤྱི་འཐུས་དཀོན་མཆོག་རིན་ཆེན་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་འགོ་བཙུགས་པ།

༄༅། ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༣ ཉིན་བོད་མི་མང་སྤྱི་འཐུས་སོག་སྟོད་དངོས་གྲུབ་རྡོ་རྗེ་མཆོག་དང་། སྤྱི་འཐུས་དཀོན་མཆོག་རིན་ཆེན་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་འགོ་བཙུགས་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༨ པའི་ཚེས་ ༢ ཉིན་གྱི་ཕྱི་དྲོ་སྦེལ་ཀོབ་གཞིས་ཆགས་ནས་མེ་སོར་མེ་འཁོར་བབས་ཚུགས་བརྒྱུད་ཧུབ་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་ཧུབ་ལི་མེ་འཁོར་བབས་ཚུགས་སུ་འབྱོར་སྐབས། མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་རིན་ཆེན་དབང་མོ་ལགས་དང་། ས་འཐུས་ཚོགས་གཙོ་པདྨ་རྡོ་རྗེ་ལགས་རྣམ་གཉིས་ནས་སྣེ་ལེན་ཕེབས་བསུ་དང་།

དེ་རྗེས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་དེ་གའི་ས་གནས་འགོ་འཛིན་ལས་ཁུངས་མདུན་ཐང་དུ་ཕེབས་འབྱོར་སྐབས། ས་གནས་ཚོགས་པ་ཁག་ ༢༦ ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག

དེ་ཉིན་ཐོག་མར་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་རང་བདེན་ཚོགས་ཆུང་། ས་གནས་འཐུས་ཚོགས། མཉམ་འབྲེལ་ལས་ཁུངས། ཞི་བ་འཚོ་དཔེ་མཛོད་ཁང་། ལེགས་བཅོས་ལས་འཆར་བཅས་ལ་འཚམས་གཟིགས་དང་། དེ་བཞིན་༧རྒྱལ་བའི་གཟིམ་ཆུང་དུ་མཆོད་འཇལ་ལ་ཕེབས་འདུག


ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་དམག་ཟུར་ཚོགས་པའི་ལས་ཁུངས་དང་། གཞིས་སྤྱི་ལྷ་ཚོགས། གཞིས་གྲོང་གསུམ་པའི་སྨན་རྩིས་ཁང་བཅས་ཀྱི་རྒྱུན་ལས་ནས་འཚམས་ཞུའི་མཇལ་དར་ཕུལ་རྗེས། གཟིགས་སྐོར་ཕེབས་ཡོད་འདུག

ཕྱི་ཟླ་ ༨ པའི་ཚེས་ ༤ རེས་གཟའ་མིག་དམར་ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་སྤྱི་འཐུས་རྣམ་པ་གཉིས་སམ་བྷོ་ཊ་ཉིན་མོའི་སློབ་གྲྭར་གཟིགས་སྐོར་ཕེབས་ཤིང་། སྐབས་དེར་སློབ་གྲྭའི་དགེ་སློབ་ཡོངས་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས། ཚོགས་ཁང་ནང་དགེ་སློབ་ཡོངས་ལ་བཀའ་སློབ་གསུང་བཤད་དང་། སློབ་གྲྭའི་ནང་ལ་གཟིགས་སྐོར་ཕེབས་ཡོད་འདུག

དེ་རྗེས་སམ་བྷོ་ཊ་གཞི་རིམ་འོག་མའི་སློབ་གྲྭ་དང་། གྲོང་སྡེ་དྲུག་པའི་ནང་རྟེན་གཞི་བྱས་པའི་སམ་བྷོ་ཊ་གཞི་རིམ་འོག་མའི་སློབ་གྲྭ་དང་། སྨན་རྩིས་ཁང་བཅས་ཀྱི་ལས་ཁུངས་ཁག་ལ་གཟིགས་སྐོར་ཕེབས་ཡོད་འདུག

ཉིན་རྒྱབ་གཞིས་སྤྱིའི་ནོར་བུ་རི་དང་། གཞིས་གྲོང་བཞི་པའི་ནང་རྟེན་གཞི་བྱས་པའི་བཀའ་བརྒྱུད་དགོན་པ་དང་། དེ་བཞིན་གཞིས་གྲོང་བདུན་པའི་ནང་རྟེན་གཞི་བྱས་པའི་བཀའ་བརྒྱུད་དགོན་པ་བཅས་ལ་མཆོད་མཇལ་དུ་ཕེབས་པ་དང་།

ཕྱི་དྲོ་ཆུ་ཚོད་ ༤།༠༠ ནས་ ༥།༣༠ བར་འབྲས་སྤུངས་བླ་སྤྱིར་ཕེབས་ཏེ་ཆོས་མཇལ་ཞུས་གྲུབ་མཚམས། གྲྭ་མང་རྣམས་ལ་འཚམས་གཟིགས་སྐོར་གསུང་བཤད་གནང་བ་བཅས།