
༄༅ ། །བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༧ ནས་ ༢༢ བར་ཉིན་གྲངས་དྲུག་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭར་ཕེབས་འབྱོར་སྐབས། སློབ་གྲྭའི་འགན་འཛིན་དང་། སློབ་སྤྱི། དགེ་སློབ་ཡོངས་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས། སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་དང་།

དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་མཚམས། སློབ་གྲྭའི་འཛིན་ཁང་དང་། སྡེ་ཚན་ཁག་བཅས་ལ་གཟིགས་སྐོར་ཕེབས་པ་དང་།

དེ་རྗེས་ཆུ་ཚོད་ ༡༠།༣༠ ཙམ་ལ་ཀེ་ལ་ཤ་སྤུ་ར་སཾ་བྷོ་ཊ་ཡན་ལག་སློབ་གྲྭ་དང་། སྔོན་འགྲོའི་སློབ་གྲྭ བུ་བཅོལ་ཁང་། འཚོ་བྱེད་ཁང་གསར་འཕྲོད་བསྟེན་སྨན་ཁང་། ལྷོ་ཕྱོགས་ས་གནས་རྩིས་ཞིབ་ལས་ཁུངས། ཚེ་རིང་དགེ་འཕེལ་གླིང་བགྲེས་ཤག སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དང་། དེ་ནས་རུབ་སྡོད་གཞིས་སྒར་བསྐྱར་གསོའི་ལས་གཞི་ཡོད་པའི་ས་ཆ་བཅས་ལ་གཟིགས་སྐོར་ཕེབས་ཡོད་འདུག

ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་གཞིས་དགོན་ཐེག་ཆེན་གླིང་དགོན་པར་མཆོད་མཇལ་ཞུས་པ་དང་། དེ་རྗེས་ས་གནས་རྒས་གསོ་ཁང་དུ་གཟིགས་སྐོར་ཕེབས་ཤིང་། སྐབས་དེར་རྒས་གསོ་ཁང་གི་འགན་འཛིན་དང་ལས་བྱེད་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་དང་། རྒན་རྒོན་རེ་རེ་བཞིན་ངོ་སྤྲོད་གནང་གྲུབ་མཚམས། སྤྱི་འཐུས་རྣམ་གཉིས་ནས་ལས་དོན་ཁག་ལ་གཟིགས་ཞིབ་གནང་ཡོད་འདུག

དེ་ནས་ཨར་ལི་ཀུ་མ་རི་སཾ་བྷོ་ཊ་ཡན་ལག་སློབ་གྲྭ་དང་། སྔོན་འགྲོའི་སློབ་གྲྭ བུ་བཅོལ་ཁང་བཅས་སུ་རིམ་པས་གཟིགས་སྐོར་གནང་གྲུབ་རྗེས། ལུགས་བསམ་གཞིས་གྲོང་བདུན་པ་བོད་ནས་རྗེས་འབྱོར་བའི་ཞི་བདེ་གྲོང་སྡེར་ཕེབས་འབྱོར་སྐབས། དེར་ཡོད་མི་མང་ནས་ཕེབས་བསུའི་སྣེ་ལེན་གྱིས་ཚོགས་ཁང་དུ་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་ཐུང་ཙམ་གནང་རྗེས། དཀའ་ཅན་གྱི་ཁྱིམ་ཚང་ཁག་ཅིག་ལ་གཟིགས་སྐོར་ཕེབས་ཡོད་འདུག

དེ་ནས་ས་གནས་རང་བདེན་ཚོགས་ཆུང་དང་། སྤྱི་མཐུན་མཉམ་འབྲེལ་བཅས་སུ་གཟིགས་སྐོར་ཕེབས་ཏེ། ཐེངས་འདིའི་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་པར་གྲུབ་སྟེ། མུ་མཐུད་མའི་སོར་དང་། སྦེང་ལོར། མེང་ལོར་བཅས་སུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་ཡིན་པ་བཅས།
