
༄༅། །བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༧ ཉིན་ནས་འགོ་འཛུགས་ཏེ་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག སྤྱི་འཐུས་རྣམ་གཉིས་ནས་སྦེལ་ཀོབ་ལུགས་བསམ་མི་མང་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབས། བོད་མི་མང་སྤྱི་འཐུས་ ༡༨ པའི་གྲོས་ཚོགས་ཚོགས་དུས་དང་པོའི་གྲོས་ཆོད་ཁག

ལྷག་པར་དུ་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་རྒྱས་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་པའི་དམ་པ་ཁོང་གི་ཞལ་ཆེམས་སྐར་མ་དྲུག་ཅན་གྱི་སྐོར་བཅས་ཀྱི་ཐོག་གསུང་བཤད་གནང་གྲུབ་མཚམས་མི་མང་གི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་སྤྱི་འཐུས་རྣམ་གཉིས་ནས་སེ་ར་བླ་སྤྱིའི་འདུ་ཁང་དུ་གདན་ས་ཆེན་པོ་སེ་ར་བྱེས་སྨད་གཉིས་ཀྱི་དགེ་འདུན་འདུས་མང་ཡོངས་ལ་གསུང་བཤད་དང་། དྲི་བར་ལན་འདེབས་གསལ་བཤད་གནང་བ་དང་།

དེ་རྗེས་གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྱི་གཙུག་ལག་ཁང་དང་། གདན་ས་ཆེན་པོ་སེར་སྨད་ཐོས་བསམ་ནོར་གླིང་གི་གཙུག་ལག་ཁང་བཅས་སུ་རིམ་བཞིན་མཆོད་མཇལ་ལ་ཕེབས་ཤིང་། སྐབས་དེར་གྲྭ་ཚང་གཉིས་ཀྱི་༸སྐྱབས་རྗེ་མཁན་ཚབ་རིན་པོ་ཆེ་མཆོག་གིས་གཙོས་པའི་གདན་ས་གཉིས་ཀྱི་ཕྱག་མཛོད་དང་ཁྲིམས་བདག་དགེ་བསྐོས་ཚོགས་ཆེན་དབུ་མཛད་སོགས་ལས་སྣེ་ལྷན་རྒྱས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་གནང་འདུག

ཉིན་རྒྱབ་བཙུན་དགོན་མཚོ་རྒྱལ་བཤད་གླིང་དང་། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་བཅས་སུ་མཆོད་མཇལ་དང་། བཤད་གྲྭའི་འདུ་ཁང་ནང་དུ་བཤད་གྲྭའི་མཁན་པོ་དབུ་བཞུགས་ཐོག་གྲྭ་བཙུན་རྣམས་ལ་སྤྱི་འཐུས་རྣམ་གཉིས་ཀྱིས་གོང་བཞིན་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་བཅས།
