ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་བདུན་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་ཆེན་མོའི་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་བཞུགས་སྒར་རྡ་རམ་ས་ལ་བོད་ཀྱི་ཟློས་གར་ཚོགས་ཁང་ནང་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་བདུན་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་ཆེན་མོའི་མཛད་སྒོ་ཞིག་ཚོགས་གནང་སོང་།

སྐབས་དེའི་མཛད་སྒོའི་ཐོག་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། འབྲས་སྤུངས་ཁྲི་ཚབ་རྒྱུད་སྟོད་མཁན་ཟུར་༸སྐྱབས་རྗེ་བཀའ་འགྱུར་བ་སྟོབས་ལྡན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་མཆོག རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེ་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག སླེ་ལུང་རིན་པོ་ཆེ་མཆོག་སོགས་ཀྱིས་གཙོས་པའི་རིན་པོ་ཆེ་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་རྣམ་པ་གཉིས་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྤྱི་འཐུས་རྒྱུན་ལས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་རྒྱུན་ལས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག སྤྱི་འཐུས་རྒྱུན་ལས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག སྤྱི་འཐུས་ཟླ་བ་ཚེ་རིང་མཆོག སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག སྤྱི་འཐུས་ཀོང་རྩ་ལྷ་མོ་ཚེ་རིང་མཆོག་བཅས་ཆེད་བཅར་གནང་ཡོད་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་འདིར་མཆོག་ཏུ་བཀུར་བ་འོས་པའི་སླེ་ལུང་རིན་པོ་ཆེ་མཆོག་གིས་དབུས་པའི་སྐྱབས་ཡུལ་མཁན་བླ་སྤྲུལ་དགེ་བཤེས་འདུས་མང་རྒྱ་མཚོ་དང་། དེ་བཞིན་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དོན་གཉེར་ཆེན་པོས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཚོགས་བཅར་བ་རྣམ་པ་བཅས་ཚང་མ་ལོགས་ལ་དེ་རིང་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་ ༧༠༠ འཁོར་བའི་དུས་ཚིགས་རྗེས་དྲན་ཐོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ང་རང་སྒེར་ངོས་ནས་ཐོག་མར་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་གི་དུས་ཚིགས་ཁྱད་པར་ཅན་འདི་སྲུང་བརྩི་ཞུ་མཁན་གྱི་གོ་སྒྲིག་ཚོགས་ཆུང་རེད། ཚང་མ་ལོགས་ནས་འདི་འདྲའི་དགོངས་པ་ཞིག་བཞེས་ཐུབ་པ་དང་། འདི་འདྲའི་བསོད་ནམས་གསོག་པའི་རྒྱུར་བསྒྱུར་བ་དེར་བཀའ་དྲིན་ཆེ་དང་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། ད་གིན་གོང་དུ་མཁས་དབང་མང་པོས་བཀའ་གནང་བསྒྲུབས་སོང་། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་གི་གསུང་གི་བདུད་རྩི་དེ་དག་མི་ཉམས་པར་རྒྱུན་འཛིན་བྱས་ནས་ལོ་ངོ་ ༧༠༠ རིང་ཉར་ཐུབ་པ་དེ་བོད་མི་རིགས་ཀྱི་གཟི་བརྗིད་ཅིག་དང་། བོད་བསྟན་པའི་ལེགས་སྐྱེས་ཤིག་ཀྱང་ཆགས་བསྡད་ཡོད་རེད། དེ་ཡིན་དུས། ང་རང་ཚོ་བོད་པར་ཆ་བཞག་ན། ཁོང་གི་གསུང་འབུམ་རྣམས་ད་དུང་ཡང་ཉར་ཚགས་བྱ་རྒྱུའི་ཐབས་ལམ་སྣ་མིན་ཡོད་པ་ཚང་མའི་ནང་ལོགས་ལ་ཉར་ཚགས་བྱ་རྒྱུ་ཙམ་མ་ཟད། ཉར་ཚགས་བྱེད་པའི་རིང་ལ་དེ་དག་སློབ་སྦྱོང་བྱེད་དགོས་པ། གང་ཡིན་ཟེར་ན། གསུང་འབུམ་དེ་དག་དེང་དུས་ཀྱི་ Fashion ནང་བཞིན་དུས་ཚོད་ཡོལ་ཐབས་མེད་པ། ཇི་སྲིད་སྲིད་པ་འཁོར་ལོ་འདིའི་ནང་འགྲོ་བ་ཡོད་པ། དེ་སྲིད་དུ་འགྲོ་བའི་སྡུག་བསྔལ་སེལ་ཐབས་སུ་གསུང་གི་བདུད་རྩི་དེ་དག་དགོས་ཀྱི་ཡོད་དུས། དགེ་འདུན་འདུས་མང་རྒྱ་མཚོ་ཡིན་ན་ཨ་ཅང་ཅང་། ཁྱིམ་པ་མི་ནག་ཡིན་ནའང་། དུས་རྒྱུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་འགྱུར་བསྟན་འགྱུར་གསུང་འབུམ་གང་ཡོད་པ་དེ་དག་སློབ་སྦྱོང་བྱ་རྒྱུའི་བསླབ་གཞི་རང་ལ་བརྩིས་ནས་སློབ་སྦྱོང་བྱེད་དགོས་ཀྱི་རེད་ཅེས་དེང་སང་གི་དུས་ཚོད་ལ་ཁྱིམ་པ་མི་ནག་ཚོས་ཀྱང་རྟགས་གསལ་མཚན་ཉིད་གཏོང་ཡཱ་རེད། ཁྱིམ་པ་མི་ནག་ཚོས་ནང་ཆོས་ལ་སྦྱངས་བརྩོན་བྱེད་རྒྱུ་ཡོད་པའི་དུས་ཚོད་གཅིག་ལ། བླ་མ་མཁས་དབང་མང་པོ་ཞིག་གིས་བཀའ་གནང་ཡོད་རེད། སྦྱངས་བརྩོན་བྱས་ནས་མཁས་པ་བྱེད་རྒྱུ་གཅིག་པུར་ཆོག་མ་ཤེས་པ་བྱས། སྦྱངས་བརྩོན་བྱས་ནས་མཁས་པའི་མཁས་རྟགས་སྟོན་རྒྱུར། རྩོམ་དང་འགྲེལ་པ་འབྲི་རྒྱུ་གཅིག་པུར་ཆོག་མ་ཤེས་པར་བྱས་ནས། དེ་དག་ཉམས་ལེན་ཐོག་ལ་བབ་ཐུབ་དགོས་ཀྱི་རེད་ཅེས་ཡང་ཡང་བཀའ་གནང་གི་འདུག དེ་ཕལ་ཆེར་གལ་ཆེན་པོ་ཞིག་ཡིན་ས་རེད། དེ་ཡིན་དུས། དགེ་འདུན་འདུས་མང་རྒྱ་མཚོར་ངས་ཞུ་ཐུབ་རྒྱུའི་སྤོབས་པ་བྲལ་བ་རེད། ཁྱིམ་པ་མི་ནག་ཚོས་བཀའ་སློབ་དེ་དག་རྗེས་སུ་བསྙེགས་ནས་རང་གི་གཤིས་རྒྱུད་འདུལ་ཡཱ་དང་། གཤིས་རྒྱུད་འདུལ་བ་དང་མཉམ་དུ་ཀུན་སློང་དེ་གཞན་ཕན་གྱི་བསམ་བློ་ཡོད་བསྡད་པ། ལས་དོན་གང་དང་གང་བྱས་པ་ཡིན་ནའང་། དེ་ལ་རང་གི་གནད་དོན་དང་། ང་གཙོ་བོར་ཟིན་པའི་བྱ་གཞག་དེ་བློས་གཏོང་བའི་ཐོག་གཞན་ཕན་གྱིས་ཀུན་ནས་བསླངས་པའི་སྤྱོད་པ་ཞིག་དགོས་ཀྱི་ཡོད་པ་དེ་གལ་ཆེན་པོ་ཞེ་པོ་ཡིན་ས་རེད། དེ་ཡིན་དུས་ང་རང་ཚོ་ཚང་མས་དེ་རིང་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་ ༧༠༠ འཁོར་བའི་རྗེས་དྲན་དང་བསྟུན་ནས། ང་རང་ཚོ་ཚང་མས་དེ་ཚོའི་ཐོག་ལ་སྦྱངས་བརྩོན་བྱས་ནས་གང་ཐུབ་ཐུབ་ཀྱིས་སོ་སོའི་གཤིས་རྒྱུད་ཐོག་ལ་བབ་ཐུབ་དགོས་པ་དེ་གལ་ཆེན་པོ་མིན་འགྲོ་ཞེས་གཅིག་དེ་དྲན་གྱི་ཡོད།

གཉིས་ནས་ཆོས་བྱས་བྱས་པའི་ཁྱད་པར་དེ། ཆོས་མ་བྱེད་མཁན་དང་བྱེད་མཁན་གྱི་ཁྱད་པར་དེ་གང་འདྲ་ཞིག་སྟོན་དགོས་ཀྱི་རེད་ཅེས་གསུངས་པ་ཡིན་ན། མང་པོ་ཞིག་གིས་བཀའ་གནང་ཡཱ་ལ། ང་རང་ཉམས་ལེན་ཡོད་མ་རེད་དཱ། དེ་རིང་ང་ལ་འདིར་གོ་གནས་མིང་ཅན་ཞིག་ཡོད་པའི་ཆ་ནས་གཅིག་བཤད་དགོས་རེད་ཟེར་དུས། ཁྱེད་རང་ཚོའི་རྩ་ཆེན་པོའི་དུས་ཚོད་གཅིག་ལེན་དགོས་ཡཱ་ཆགས་ཀྱི་ཡོད་རེད། དེ་ཡིན་དུས། སྐད་ཆ་འདྲ་པོ་གཅིག་བཤད་པ་ཡིན་ནའང་། སྐད་ཆ་དྲང་པོ་དང་ངག་འཇམ་པོ། དེ་བཞིན་སྤྱོད་པ་དེ་ཡང་གཞན་ལ་ཕན་པ། ཀུན་སློང་དེ་ཡང་རང་དོན་དང་ང་རྒྱལ་མེད་པ་ཞིག་དགོས་ཀྱི་རེད་ཟེར་བ་དེ་ཕལ་ཆེར་ཆོས་ཀྱི་བསླབ་བྱ་ཞིག་ཡིན་ས་རེད། དེ་ང་རང་ཚོས་གལ་ཆེན་པོའི་ཐོག་ནས་ཨེ་ཐུབ་མི་ཐུབ་བལྟ་དགོས་པ་དེ། སྐུ་དྲིན་རྗེས་དྲན་དེ་ཆགས་ཀྱི་རེད་ལ། བསྟན་པ་རྒྱས་པའི་ཞབས་ཏོག་ཀྱང་དེ་ཆགས་ཀྱི་ཡོད་རེད། དེའི་ཐོག་ནས་གཙིགས་ཆེན་པོས་དགོངས་པ་བཞེས་ཐུབ་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།

གཞན་ཡང་དེ་རིང་ཕྱི་ཟླ་ ༧ པའི་ཚེས་ ༡ ཉིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་སྐུལ་འདེད་ཟེར་བ་དེ་དངོས་སུ་ཁྲིམས་སུ་ལག་ལེན་བསྟར་རྒྱུའི་ཉིན་མོ་ཞིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས། མིང་ལ་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཞེས་ཡོད་ཀྱང་། དོན་ལ་རྒྱ་ནག་དམར་གཞུང་གི་བཙན་འོག་ལ་ཡོད་པའི་བོད་པ་ཙམ་མ་ཡིན་པར། གྲངས་ཉུང་མི་རིགས་རྣམས་ལ་རང་མི་རིགས་ཀྱི་ཁྱད་ཆོས་ཙམ་ཡང་ཉར་ཚགས་བྱེད་རྒྱུའི་གོ་སྐབས་མེད་བསྡད་པ། རང་མི་རིགས་ཀྱི་ངོ་བོ་ཡོད་པའི་ཅ་དངོས་ཙམ་ཡང་ཉར་རྒྱུའི་དབང་ཆ་མེད་བསྡད་པའི་དུས་ཚོད་དེ་ལ། སྐུལ་འདེད་ཅེས་སྐུལ་ནས་དེད་ཤར་གཏོང་བའི་རྣམ་པ་དེས་གང་བསྟན་གྱི་ཡོད་རེད་ཟེར་ན། བོད་ནང་ལ་ཡོད་པའི་རྒྱ་ཆེའི་མང་ཚོགས་ཀྱིས་སོ་སོའི་མི་རིགས་དེ་གཙིགས་ཆེར་འཛིན་ནས་གཞན་གྱིས་གང་བསྐུལ་བའི་བྱ་བ་ལ་དགའ་ཞིང་སྤྲོ་ཞིང་འཇུག་གི་མེད་པ་དེ་ནས་གསལ་པོ་བསྟན་གྱི་ཡོད་རེད། དེ་ཡིན་དུས་རྒྱ་མི་དེ་དག་འུ་ཐུག་ནས་སྐུལ་ནས་དེད་ཤར་གཏོང་གི་ཡིན། ང་ཚོས་དེད་ཤར་དེ་སྒོ་ཕྱུགས་སེམས་ཅན་ལ་གཏོང་གི་རེད་པཱ། ཁོང་ཚོས་མི་ལ་གཏོང་གི་ཡིན་ཞེས་དེ་རིང་དངོས་སུ་ལག་བསྟར་བྱེད་པའི་ཉིན་མོ་དེ་རེད། དེའི་ཆ་ནས་བཞག་པ་ཡིན་ནའང་། ང་རང་ཚོས་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་རིག་གནས་དང་། བོད་མི་རིགས་ཀྱི་ཆོས་ཀྱི་རྣམ་གྲངས་ཁག་རང་དབང་ཡོད་པའི་བོད་མི་ཚོས་དགེ་བའི་བཤེས་གཉེན་སྐར་ཚོགས་ཇི་སྙེད་ཡོད་པའི་དྲུང་ནས་སྦྱངས་བརྩོན་བྱས་ནས་ངེས་པར་དུ་སོ་སོའི་མི་རིགས་ཀྱི་ཁྱད་ནོར་དེ་སོ་སོས་ཤེས་ཐུབ་པ་བྱེད་དགོས་པ་དེ་ང་རང་ཚོའི་ལས་འགན་ཞིག་ཆགས་བསྡད་ཡོད་རེད་བསམ་གྱི་འདུག དེ་ཡིན་དུས། དེ་རིང་གོ་སྐབས་འདི་བཟུང་ནས། བསྟན་བདག་བླ་ཆེན་རྣམ་པས་ད་བར་སྐུ་ངལ་འཛེམས་མེད་ཀྱི་ཐོག་ནས་ཕྱི་རྒྱལ་ཡུལ་གྲུ་ཡོངས་རྫོགས་ལ་ཕེབས་ནས། འགྲོ་བ་མི་ཡོངས་ལ་བདེ་སྐྱིད་འབྱུང་གནས་དང་། སྡུག་བསྔལ་སེལ་ཐབས་ཀྱི་ཐོག་ལ་ནང་དོན་རིག་པ་སློབ་སྦྱོང་གནང་རྒྱུའི་ཐོག་ལ་སྐུ་ངལ་བསྐྱོན་གྱི་ཡོད་པ་དེ་ལ་གུས་མོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞེས་དེ་རིང་གི་གོ་སྐབས་ཀྱི་ཐོག་ནས་ཞུ་རྒྱུ་ཡིན། བོད་ནང་ལ་དགོན་པ་གྲྭ་ཚང་གིས་སློབ་ཕྲུག་གི་གུང་གསེང་དང་བསྟུན་ནས། ཕྲུ་གུར་ནང་ཆོས་དང་བོད་ཀྱི་རིག་གནས་བསླབ་ཡཱ་དེ་ཁྲིམས་འགལ་བཟོས་བཞག་པ་དེར།  ང་རང་ཚོ་འདིར་རང་དབང་ལུང་པའི་ནང་ཡོད་པའི་དགོན་སྡེ་ཁག་གིས་སོ་སོའི་མི་རིགས་ཀྱི་རིག་གནས་དང་། རང་མི་རིགས་ཀྱི་ཁྱད་ཆོས་རྣམས་བོད་ཕྲུག་ན་གཞོན་རྣམས་ལ་སློབ་སྦྱོང་གནང་རྒྱུའི་གོ་སྐབས་དམ་འཛིན་གྱི་ཐོག་ནས་ཕྱག་ལས་ཞེ་པོ་གནང་གི་འདུག  དེ་དག་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་དེ་རིང་གི་གོ་སྐབས་དེ་བཟུང་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

ང་རང་ཚོ་མི་ཡུལ་ལ་གྱར་ནས། སྤྱི་ཚོགས་རུབ་ཏུ་བསྡད་པ་དེ་གཞིས་ཆགས་ཁག་དེ་དག་རེད། གཞིས་ཆགས་ཁག་ལ་ཡོད་པའི་ན་གཞོན་གཅིག་གཉན་ཚད་རེག་དུག་གིས་འཕྲོ་བརླག་ཕྱིན་པ་ཡིན་ནའང་རེད། བག་མེད་ལོངས་སྤྱོད་ཆང་རག་གི་ཐོག་ནས་དངུལ་འབེལ་དྲག་པའི་ཐོག་ནས་འཕྲོ་བརླག་ཕྱིན་པ་ཡིན་ནའང་རེད། དེ་འདྲའི་གཅིག་འཕྲོ་བརླག་ཕྱིན་པ་ཡིན་ནའང་། ང་རང་ཚོའི་མི་རིགས་གཅིག་གི་སོན་རྩ་གཅིག་འཕྲོ་བརླག་འགྲོ་ཡི་ཡོད་དུས། ཕ་མ་ཚོ་རེད། སྤྱི་ཚོགས་རེད། ཚང་མར་འགན་ཡོད་དུས། ཚང་མས་དེ་དག་འཕྲོ་བརླག་མ་འགྲོ་བ་བྱས་ནས་གསོ་སྐྱོང་བྱེད་དགོས་པ་དེ་གལ་ཆེན་པོ་རེད། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པ་རྣམས་སོ་སོའི་ལྟོ་གོས་དོན་དག་ལ་ཞེ་པོ་སྐུ་ལས་བསྐྱོན་དགོས་ཀྱི་ཡོད་རེད། དེ་འདྲའི་སྐབས་ལ་རང་གི་ཕྲུ་གུར་རང་གི་སྐད་ཡིག་རྒྱག་མ་ཐུབ་པ་དང་། རྒྱག་རྒྱུའི་གོ་སྐབས་ཞེ་པོ་མེད་པ་ཡིན་ནའང་། ཆེ་བཞག་ཆུང་བསྐྱུར་གྱི་ཐོག་ནས་འགན་འཁྲི་ཁུར་དགོས་པ། རྒྱ་ནག་དམར་པོའི་ཐོག་ནས་བོད་མི་རིགས་ཀྱི་ན་གཞོན་རྣམས་བཅའ་སྡོད་སློབ་གྲྭའི་ནང་འཁྲིད་ནས་ཕྲུ་གུ་ན་ཆུང་ཚོའི་སེམས་ནང་སོ་སོའི་ཕ་མ་ལའང་གསང་མྱུལ་བྱ་རྒྱུའི་གོ་སྐབས་བཙལ་གྱི་ཡོད་རེད། དེ་འདྲའི་དུས་ཚོད་ལ་ང་ཚོས་ཆེན་པོ་དེ་ཕར་བློས་བཏང་། ཆུང་ཆུང་དེ་ཟིན་ནས་རྒྱུ་དངོས་པོ་རང་ལ་འཐམ་ནས་བསྡད་པ་ཡིན་ན། མ་འོངས་པར་འགྱོད་པ་སྐྱེས་ནས་ཕྲག་གི་མིག་ཆུ་འདོན་པ་ཡིན་ནའང་འདོན་ཐུབ་ཐབས་མེད་པའི་གནས་སྟངས་ཤིག་ཡིན་དུས། རྒྱལ་ཁབ་དང་མི་རིགས་ཀྱིས་བསྐུར་བའི་འགན་དེ་ངེས་པར་དུ་ང་རང་ཚོ་ཕ་མ་ཚོས་སྒྲུབ་ནས་གཞུག་གུར་སྤྱི་ཚོགས་ནང་འཛོམས་པའི་སྐབས་ལ་ངའི་ཕྲུ་གུས་བོད་སྐད་ཤེས་ཀྱི་ཡོད། ངའི་ཕྲུ་གུས་བོད་ཡིག་ཤེས་ཀྱི་ཡོད་ཅེས་སྤོབས་པ་བྱེད་ཆོག་པའི་མི་རིགས་ཤིག་བཟོ་ཐུབ་རྒྱུའི་ཐོག་ལ་ལས་འགན་སྒྲུབ་རོགས་གནང་ཞེས་དེ་རིང་གོ་སྐབས་འདི་བརྒྱུད་ནས་ཞུ་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ། དེ་བཞིན་བསྟན་པ་ཡུན་དུ་གནས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་ཡོངས་རྫོགས་སྐུ་ཚེ་ཞབས་པད་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འགྲུབ་ནས་ང་ཚོ་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས། གསུངས་འདུག་པ་བཅས།