
༄༅། །བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༢ ཉིན་ནས་འགོ་འཛུགས་ཏེ། རྡ་ས་ས་གནས་འགོ་འཛིན་ཁྱབ་ཁོངས་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༥ ཉིན་སྤྱི་འཐུས་རྣམ་གཉིས་ནས་གོ་པལ་པུར་བོད་ཁྱིམ་སློབ་གྲྭ་དང་། ཅཱ་མུན་ཌ་བསམ་གྲུབ་གླིང་གཞིས་ཆགས། རྡ་ས་བཙུན་དགོན་དགའ་ལྡན་ཆོས་གླིང་། རྡ་ས་ས་གནས་འགོ་འཛིན་ལས་ཁུངས་བཅས་སུ་འཚམས་གཟིགས་ཕེབས་གནང་ཡོད་འདུག
དེ་ཡང་སྤྱི་འཐུས་རྣམ་གཉིས་ནས་ཕྱི་ཟླ་ ༦ པའི་ཚེས་ ༢༥ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༠།༣༠ ཐོག་གོ་པལ་པུར་བོད་ཁྱིམ་སློབ་གྲྭར་འཚམས་གཟིགས་སུ་ཕེབས་ཏེ། སློབ་གྲྭ་ཆེ་བ་དང་ཆུང་བའི་འཛིན་ཁང་དང། དཔེ་མཛོད་བཅས་ཁོར་ཡུག་ལ་གཟིགས་སྐོར་གནང་རྗེས། ཆུ་ཚོད་ ༡༡།༠༠ ནས་དགེ་ལས་སློབ་མ་ཚང་འཛོམས་ཐོག སྤྱི་འཐུས་རྣམ་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་དང་། དགེ་སློབ་རྣམས་ཀྱི་ཞུ་སྐུལ་དང་དྲི་བར་ལན་འདེབས་གསལ་བཤད་བཅས་ཆུ་ཚོད་ ༡༢།༣༠ བར་ལས་རིམ་བསྐྱངས་ཡོད་འདུག
ཉིན་རྒྱབ་ཆུ་ཚོད་ ༢།༠༠ པའི་ཐོག་ཅཱ་མུན་ཌའི་བསམ་གྲུབ་གླིང་གཞིས་ཆགས་ཀྱི་མི་མང་ཐུག་འཕྲད་དང། མི་མང་གི་བདེ་སྡུག་ལ་གཟིགས་ཞིབ་དང། ཞུ་སྐུལ་དང་དྲི་བར་ལན་འདེབས་དང་དཀའ་སེལ་ཅི་དགའི་སྐོར་ལ་བཀའ་བསྡུར་ལྷུགས་པོ་གནང་བ་དང་། དེ་ནས་ཆུ་ཚོད་ ༣།༠༠ པར་རྡ་ས་བཙུན་དགོན་དགའ་ལྡན་ཆོས་གླིང་དུ་གནས་མཇལ་དང། དགོན་པའི་ཁོར་ཡུག་ལ་གཟིགས་སྐོར། ཆུ་ཚོད་ ༣།༤༠ ལ་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ལ་གཟིགས་སྐོར་བཅས་གནང་རྗེས། ཆུ་ཚོད་ ༤།༠༠ པ་ནས་རྡ་ས་ཕུན་ཚོགས་ཁང་གསར་ཚོགས་ཁང་དུ། མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་མདོར་བསྡུས་རེ་གནང་བ་དང། དེ་རྗེས་མི་མང་གི་དགོངས་འཆར་དང། ཞུ་སྐུལ། དྲི་བར་ལན་འདེབས་དང་གསལ་བཤད་བཅས་ཀྱི་ལས་རིམ་ཆུ་ཚོད་ ༦།༠༠ པ་བར་བསྐྱངས་ཡོད་འདུག་པ་བཅས།
