
༄༅། །བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༢ ཉིན་ནས་འགོ་འཛུགས་ཏེ། རྡ་ས་ས་གནས་འགོ་འཛིན་ཁྱབ་ཁོངས་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༤ ཉིན་སྤྱི་འཐུས་རྣམ་གཉིས་ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭ་དང་། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་། སཱ་ར་མཐོ་སློབ་བཅས་སུ་འཚམས་གཟིགས་ཕེབས་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་རྣམ་གཉིས་ཀྱིས་དྷ་སྟེང་བོད་ཁྱིམ་སློབ་གྲྭར་འཚམས་གཟིགས་གནང་ཞིང་། སློབ་གྲྭ་ཆུང་བའི་སྔོན་འགྲོ་ནས་འཛིན་གྲྭ་རིམ་པའི་འཛིན་ཁང་དང་། དཔེ་མཛོད། ཁྱིམ་ཚང་ཁག་དང་། དེ་བཞིན་སློབ་གྲྭ་ཆེ་བའི་འཛིན་ཁང་དང། དཔེ་མཛོད། ཉལ་ཁང་བཅས་སུ་གཟིགས་སྐོར་ཕེབས་རྗེས། ཆུ་ཚོད་ ༡༡།༠༠ ཐོག་འཛིན་གྲྭ་དྲུག་པ་ཡན་གྱི་སློབ་མ་དང་དགེ་ལས་ཚང་འཛོམས་ཐོག སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་ནས་སྤྱི་འཐུས་འཚམས་གཟིགས་ཀྱི་འགྲོ་ལུགས་དང་། ལམ་སྟོན་གང་ཡོད་བཅས་ཀྱི་གསལ་བཤད་དང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྤྱི་དང་། བྱེ་བྲག་ཏུ་བོད་མིའི་སྒྲིག་འཛུགས་མང་གཙོའི་ལམ་ལུགས་ཀྱི་རང་བཞིན་ཅན་དུ་ཇི་ལྟར་བསྒྱུར་མཛད་གནང་བའི་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་འཕེལ་དང་། ལས་འགན་དང་ཚོགས་འདུའི་འགྲོ་ལུགས་བཅས་ངོ་སྤྲོད་དང་། དེ་བཞིན་༸གོང་ས་མཆོག་ནས་ཐོག་མ་ཉིད་ནས་བཙན་བྱོལ་དུ་སློབ་གྲྭ་ཁག་ཆེད་འཛུགས་ཇི་ལྟར་བསྐྱངས་གནང་བའི་དགོས་དམིགས་དང་། ཤེས་ཡོན་གྱི་གལ་གནད་སྐོར་ལ་གསུང་བཤད་དང་། སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་གིས་བོད་ནང་གི་གནས་ཛ་དྲག་གནས་སྟངས་སྐོར་ལས། བོད་ནང་བཅའ་སྡོད་སློབ་གྲྭ་ཟེར་བ་གང་ཡིན་དང་། རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་ཇི་ལྟར་བྱེད་ཀྱིན་ཡོད་པའི་ཛ་དྲག་གནས་སྟངས་དང་། བོད་ཀྱི་ཁོར་ཡུག་གཏོར་བཤིག་གི་སྲིད་བྱུས་ལག་བསྟར་ཇི་ལྟར་བྱེད་ཀྱིན་ཡོད་པའི་ཛ་དྲག་གནས་སྟངས་དེ་དག་ལ་བཙན་བྱོལ་བོད་མི་ཚོས་ཇི་ལྟར་གདོང་ལེན་བྱེད་དགོས་པ་དང་འགན་འཁུར་གང་ཡོད་ཀྱི་སྐོར་ལ་གསུང་བཤད་དང་། ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་ ༢།༣༠ ནས་ ༣།༡༥ བར་སྤྱི་འཐུས་རྣམ་གཉིས་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་གནས་མཇལ་དང་། གྲྭ་ཚང་གི་དཔེ་མཛོད་བཅས་སུ་གནས་གཟིགས་དང་། ཆུ་ཚོད་ ༣།༤༥ ཐོག་སཱ་ར་མཐོ་སློབ་ཏུ་འཚམས་གཟིགས་དང་། མཐོ་སློབ་ཀྱི་ཁོར་ཡུག་དང་དཔེ་མཛོད་བཅས་སུ་གཟིགས་སྐོར་གནང་ཡོད་འདུག་པ་བཅས།
