བཀྲ་ཤིས་དོན་གྲུབ་ལགས་ནས་སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་པ།

༄༅། ། བོད་མི་མང་མདོ་སྨད་སྤྱི་འཐུས་པདྨ་མཚོ་མཆོག་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་བློན་དུ་བདམས་ཐོན་བྱུང་རྗེས། ཕྱི་ཚེས་ ༣ ཉིན་སྐབས་ ༡༨ པའི་སྤྱི་འཐུས་ནས་རྩ་དགོངས་ཞུས་པའི་སྙན་ཞུ་འབྱོར་མཚམས། འདི་ནས་ལམ་ལུགས་བཞིན་དེ་འབྲེལ་དབུས་འོས་བསྡུ་ལས་ཁང་ལ་ཡིག་ཆུང་ཕུལ་བ་དང་། དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༢ པའི་དགོངས་དོན་ལྟར། ཕྱི་ལོ་ ༢༠༢༦ ལོའི་བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་མདོ་སྨད་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་བང་རིམ་དང་པོ་བཀྲ་ཤིས་དོན་གྲུབ་ལགས་ནས་ཚོགས་དྲུང་ལས་ཁུངས་སུ་ལས་ཁུར་དམ་འབུལ་ཞུ་སྒོ་འབྲེལ་གཏུགས་དགོས་པའི་བརྡ་ཐོ་བཏང་འབྱོར་བཞིན། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གི་མདུན་དུ་བདམས་ཐོན་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་ནས་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ལྷན་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་དཀར་གཙང་མཇལ་དར་བསྒྲོན་འབུལ་དང་། དེ་རྗེས་བདམས་ཐོན་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་ནས་ཀྱང་དེ་མཚུངས་ཞུས་གྲུབ་མཚམས་དཔལ་ལྡན་ཚོགས་གཙོ་མཆོག་གི་མདུན་ནས་ལས་ཁུར་དམ་འབུལ་དང་། དམ་འབུལ་མ་དེབ་ཐོག་མཚན་རྟགས་བཀོད་གནང་སོང་།

དེ་རྗེས་སྤྱི་ལྷན་ཚོམས་ཆེན་ནང་དཔལ་ལྡན་ཚོགས་གཙོ་མཆོག་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ། ཚོགས་དྲུང་བཅས་ནས་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་ལ་འཚམས་འདྲིའི་མཇལ་དར་བསྒྲོན་འབུལ་ཞུས་རྗེས། རྟེན་འབྱུང་གསོལ་ཇ་དང་། འབྲས་སིལ་འདེགས་འབུལ་ཞུས་ཏེ། ཐེངས་འདིའི་དམ་འབུལ་མཛད་སྒོ་ལེགས་གྲུབ་བྱུང་ཡོད།

སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་མཆོག་ནི། ཕ་ཚེ་འདས་མགོ་ལོག་གསེར་རྟ་བཀྲ་ཤིས་ཟླ་བ་དང་མ་ཚེ་རིང་པདྨ་གཉིས་ཀྱི་བུ་རུ་བལ་ཡུལ་གློ་སྨོན་ཐང་དུ་སྐྱེས། ཕྱི་ལོ་ ༡༩༨༩ མཐོ་སློབ་ཐོན་རྗེས་ཕྱི་ལོ་ ༡༩༩༠ ནས་ ༢༠༠༠ བར་བལ་ཡུལ་སྤོག་ར་གློ་སྒྲིག་ཁྱབ་ཁོངས་ཚོང་ལས་སྡེ་ཚན་ཨར་ན་པུར་ན་མགྲོན་ཁང་ (Hotel Annapur-na) ནང་ལས་འགན་འདྲ་མིན་ཐོག་ལོ་ངོ་བཅུ་ལྷག་ཙམ་གྱི་ཉམས་མྱོང། ཕྱི་ལོ་ ༡༩༩༨ ནས་ ༢༠༠༠ བར་སྤོག་ར་བྱམས་པ་གླིང་ས་གནས་གཞོན་ནུའི་རྒྱུན་ལས་བྱས། དེ་ནས་རང་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་འབྲེལ་ཐོག་ཕྱི་ལོ་ ༢༠༠༠ ནས་ ༢༠༠༣ བར་བལ་ཡུལ་བོད་ཀྱི་གསོལ་མགྲོན་ཁང་ (Hotel Tibet) གི་འགན་འཛིན་ལས་རོགས་དང་དེ་རྗེས་གནས་སྤར་གྱི་འགན་འཛིན་ཐོག་ཞབས་ཞུ་ཞུས། ཕྱི་ལོ་ ༢༠༠༣ ནས་ ༢༠༠༦ དང་ ༢༠༠༦ ནས་ ༢༠༠༨ བར་བལ་ཡུལ་ནང་སྐར་མ་གསུམ་ཅན་གྱི་མགྲོན་ཁང་གངས་ལྗོངས་ (Hotel Gangjong) དང་མ་ནང་ (Hotel Manang) གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་བྱས། ཕྱི་ལོ་ ༢༠༠༨ ནས་ ༢༠༡༡ དང་ཡང་ ༢༠༡༤ ནས་ ༢༠༡༩ བར་རང་གཞུང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ཚེ་རིང་རྒན་གསོ་ཁང་གི་འགན་འཛིན་བྱས། ཕྱི་ལོ་ ༢༠༡༣ ནས་ ༢༠༡༨ བར་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་སྐབས་ ༡༥ དང་ ༡༦ གི་ཕྱི་འབྲེལ་འགན་འཛིན་བྱས། བལ་ཡུལ་མདོ་སྨད་སྐབས་ ༥ ནས་ད་ལྟའི་སྐབས་ ༡༠ པའི་ས་གནས་རྒྱུན་ལས་ཀྱི་ཚོགས་གཞོན་ལས་འགན་ཐོག་སྔ་རྗེས་ཐེངས་དྲུག་བསྟུད་མར་བྱ་མུས་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༥ དང་། ༡༦། ༡༧ བཅས་ཀྱི་སྤྱི་འཐུས་ཀྱི་ལས་འགན་ཞུས་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །