
༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༢ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་ཇར་མ་ནཱི་རོགས་ཚོགས་ (FNF) ཡི་རྒྱ་གར་ཁུལ་གྱི་འགན་འཛིན་སྐུ་ཞབས་སི་ཊི་ཕན་ སི་ཁོ་ཊི་ (Stefan Schott, Country Representative of the Friedrich Naumann Foundation) ལགས་དང་། ལས་གཞི་ལྟ་རྟོག་འགན་འཛིན་རྒན་པ་ལྕམ་སྐུ་ནུ་པུར་ ཧ་སི་ཇཱ་ (Nupur Hasija, Senior Program Manager, FNF South Asia) ལགས་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་སོང་།

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཇར་མན་རོགས་ཚོགས་ (FNF) དབར་ཐོག་མར་འབྲེལ་བ་འགོ་འཛུགས་པ་ནས་བཟུང་ད་བར་ལོ་ངོ་ ༣༠ ལྷག་གི་རིང་བཙན་བྱོལ་བོད་མིའི་མང་གཙོ་སྲ་བརྟན་སླད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འཆར་མང་པོར་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་འཛམ་གླིང་ནང་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་སྟངས་ཐོག་འཕོ་འགྱུར་ཤུགས་ཆེན་པོ་འགྲོ་བཞིན་པའི་སྐབས་སུ། མང་གཙོ་དང་། རང་དབང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སོགས་དེ་བས་གལ་གནད་དང་དགོས་མཁོ་ཆེ་བ་ཆགས་ཀྱི་ཡོད་སྟབས། དེའི་ཐོག་ཚང་མས་དོ་སྣང་ཤུགས་ཆེ་ཙམ་བྱེད་ཐུབ་པ་ཡིན་ན་འཛམ་གླིང་ཞི་བདེ་དང་མཐུན་སྒྲིལ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་ཡུ་རོབ་མཐུན་ཚོགས་ལ་བསྔགས་བརྗོད་མཛད་བཞིན་ཡོད་པ་ལྟར། ད་ལྟའི་གོ་ལ་གཅིག་གྱུར་དུས་སུ་རྒྱལ་ཁབ་ཚང་མས་ཐུན་མོང་གི་བསམ་བློ་དང་། ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

དེ་བཞིན་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྐོར། མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་སོགས་ངོ་སྤྲོད་གནང་རྗེས། འཇར་མན་རོགས་ཚོགས་ (FNF) ཐོག་ནས་མུ་མཐུད་བོད་མིའི་མང་གཙོ་སྲ་བརྟན་ཡོང་རྒྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་དང་། ཚོགས་པའི་ཐོག་ལྷོ་ཨེ་ཤི་ཡའི་ནང་ཚོགས་འདུ་གོ་སྒྲིག་ཞུ་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་མགྲོན་འབོད་གནང་ཐབས་ཡོང་བ་སོགས་ཀྱི་འབོད་སྐུལ་ཞུས་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་སོང་།

མཇལ་འཕྲད་སྐབས་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ལས་བྱེད་ཐུབ་བསྟན་རིག་འཛིན་ལགས་དང་། འཇམ་དཔལ་ཤེས་རབ་ལྷགས་ལྷན་བཅར་ཞུས་འདུག་པ་བཅས།

