
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ པའི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཙམ་གྱི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་ཚོགས་གཙོའི་ལས་ཁུངས་སུ་ལ་ཊི་ཝེ་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇུ་རི་སེ་ ཝི་ལམ་སི་ (Juris Vilums) མཆོག་དང་ལྷན་མཇལ་འཕྲད་ཀྱིས་ཕན་ཚུན་བོད་དོན་སྐོར་བཀའ་བསྡུར་ལྷུགས་པོ་གནང་སོང་།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གཙོ་བོ་གསུངས་དོན། བྷལ་ཊིག་མངའ་ཁུལ་གྱི་ལ་ཊི་ཝེ་ཡ་རྒྱལ་ཁབ་དང་ང་ཚོའི་དབར་འབྲེལ་བ་ཤུགས་ཆེན་པོ་བྱུང་བ་དང་། དེ་ཡང་ཕྱི་ལོ་ ༢༠༡༩ ལོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་ལ་ཊི་ཝེ་ཡའི་རྒྱལ་ས་རི་གྷར་ཚོགས་ཐུབ་ཡོད་པ་དང་། སྐབས་དེ་དུས་ལ་ཊི་ཝི་ཡའི་གཞུང་དང་། གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇེ་ནི་སི་ མར་ཊིན་ སི་ཀུ་ཇཱ་ (Mr. Janis Martin Skuja) མཆོག་བཅས་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བའི་སྐོར་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་ཁྲིམས་འགལ་བཙན་བཟུང་བྱས་རྗེས། ང་ཚོ་རྒྱ་གར་ནང་བཙན་བྱོལ་ལ་གྱར་ནས་ད་བར་ལོ་ངོ་ ༦༧ འགྲོ་ཡི་ཡོད་པ་དང་། དུས་ཚོད་དེའི་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་དང་། རྒྱ་གར་གཞུང་གི་མཐུན་འགྱུར་འོག བོད་པའི་སློབ་གྲྭ་ཟུར་འཛུགས་དང་། དགོན་སྡེ། གཞིས་ཆགས་ཁག་གསར་འཛུགས་ཀྱིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་དང་བཅས་པ་མི་ཉམས་པར་གནས་ཐུབ་ཡོད་པ་དང་། ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་མང་གཙོ་གསོལ་སྩལ་གནང་སྟེ། ད་ཆ་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ཀྱིས་འགན་ཁུར་ནས་འགྲོ་བསྡད་ཀྱི་ཡོད་པའི་སྐོར།

ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ བཅས་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་བཞག་ཐུབ་པ་དང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དང་། ཨ་རི། ཡུ་རོབ་སོགས་ཀྱི་གྲོས་ཚོགས་ནང་ཆིབས་བསྒྱུར་དང་། གསུང་བཤད་བསྩལ་བ་སོགས་བརྒྱུད་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་ལ་ངོས་འཛིན་ཐུབ་པ་བྱུང་ཡོད་པ། ཕྱི་ལོ་ ༡༩༧༠ ལོར་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་གསར་འཛུགས་ཀྱིས་རིམ་པས་ཕྱིའི་རྒྱལ་ཁབ་གཞན་ཁག་གི་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གསར་འཛུགས་གནང་ཡོད་པ་ལྟར། ལ་ཊི་ཝི་ཡའི་རྒྱལ་ཁབ་ནང་ལའང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་ད་བར་མུ་མཐུད་རྒྱུན་སྐྱོང་གནང་བཞིན་ཡོད་པ་དེ་ཧ་ཅང་གི་གལ་ཆེན་པོར་བརྩི་ཡི་ཡོད་པ། ནང་ཆོས་ཆ་ཚང་བ་ཞིག་སློབ་གཉེར་ཐུབ་པར་བོད་ཀྱི་སྐད་ཡིག་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར་སོགས་གསུངས་པ་དང་། གྲོས་ཚོགས་འཐུས་མི་ཁོང་གི་ཐོག་ནས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེར་གནང་ཐུབ་རྒྱུའི་འབོད་སྐུལ་བཅས་ཞུས་སོང་།

དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གཙོ་བོ་གསུངས་དོན། ལ་ཊི་ཝི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇུ་རི་སེ་ ཝི་ལམ་སི་ (Juris Vilums) མཆོག་འདིར་ཕེབས་པ་དེས་ང་ཚོའི་དབར་ཕན་ཚུན་མཛའ་འབྲེལ་དང་། མང་གཙོར་རྒྱབ་སྐྱོར་གནང་གི་ཡོད་པ་མཚོན་གྱི་ཡོད། བོད་ནང་རྒྱ་ནག་དམར་གཞུང་གིས་བོད་ཕྲུག་རྣམས་སོ་སོའི་ཕ་མ་དང་ཁ་ཕྲལ་ཏེ་རྒྱའི་གཏན་འཇགས་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་ནས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། སྐད་ཡིག རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐོར་དང་། འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ལྡོག་ཐོག་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་དང་འབྲེལ་ཏེ། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚད་མེད་བཏང་དང་གཏོང་བཞིན་པ་དེ་དག་མཚམས་འཇོག་ཡོང་རྒྱུར་རྒྱབ་སྐྱོར་ཡོང་ཐབས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སོགས་ཀྱི་ཐོག་བཞག་པའི་བོད་དོན་དང་འབྲེལ་བའི་གྲོས་ཆོད་རྣམས་ལག་བསྟར་ཡོང་ཐབས་སོགས་ཀྱི་སྐོར་གསུངས་པ་དང་། དེ་བཞིན་ཕྱི་ལོ་ ༡༩༦༠ ཟླ་ ༩ པའི་ཚེས་ ༢ ཉིན་བོད་མིའི་མང་གཙོ་དབུ་བརྙེས་པ་ནས་བཟུང་རིམ་པས་སྐབས་དུས་སོ་སོར་འགྱུར་བ་ཇི་བྱུང་སྐོར་དང་། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་གནང་ཕྱོགས་སོགས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་ངོ་སྤྲོད་ཞིབ་ཕྲ་གནང་སོང་།

དེ་རྗེས་ལ་ཊི་ཝེ་ཡ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇུ་རི་སེ་ ཝི་ལམ་སི་ (Juris Vilums) མཆོག་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས།
