
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༢ ནས ༡༨ བར་ཉིན་གྲངས་བདུན་རིང་རྒྱ་གར་རྒྱལ་ས་ལྡི་ལིར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཚོགས་ཆུང་གསུམ་ལ་ཆ་བགོས་ཀྱིས་རྒྱ་གར་དབུས་གཞུང་གི་བློན་ཆེན་ ༤ ཚུད་པའི་རྒྱ་གར་སྲིད་དོན་ཚོགས་པ་ཁག་མི་འདྲ་བ་ ༡༤ དང་། Indenpendent གྲོས་ཚོགས་འཐུས་མི་ ༢ བཅས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་ ༤༢ དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐོག་བོད་དོན་ཞུ་སྐུལ་ཐེངས་འདིའི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ ༡༨ ཉིན་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོས། ༡) ཀར་ན་ཊ་ཀ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལཱ་ཧར་ སིངྒ་ སི་རོ་ཡ་ (Shri Lahar Singh Siroya, Rajya Sabha MP) མཆོག་དང་། ༢) ཨུ་ཌི་ཤ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ལ་པར་དིབ་ པུ་རོ་ཧི་ཌི་ (Shri Pradeep Purohit, MP Lok Sabha) མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད།

བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པས། ༡) ནུབ་བྷེང་གྷལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱ་ནུ་ཇ་ ཌི་(Shri Manoj Tigga, MP Lok Sabha) མཆོག་དང་། ༢) ཨུ་ཌི་ཤ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་བྷིན་ད་ར་ ན་ར་ཡན་ བེ་ཧེ་རཱ་ (Dr. Rabindra Narayan Behera, MP Lok Sabha) མཆོག་རྣམ་གཉིས་དང་ལྷན་རིམ་པས་མཇལ་འཕྲད་གནང་ཡོད།

བོད་དོན་ཞུ་སྐུལ་ཚོགས་ཆུང་གསུམ་པས། ༡) མ་ཧ་ར་ཤ་ཀྲ་མངའ་སྡེ་ནས་ཡིན་པ་ Republican Party of India སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་དབུས་གཞུང་གི་སྤྱི་ཚོགས་དྲང་བདེན་དང་ནུས་སྟོབས་གོང་སྤེལ་བློན་ཆེན་སྐུ་ཞབས་རམ་རྡ་སི་ཨ་ཐ་ཝ་ལི་ (Shri Ramdas Athawale, Minister of State for Social Justice and Empowerment) མཆོག་དང་། ༢) ཧི་མ་ཅལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་ བྷར་ཌ་ཝཇ་ (Shri Rajeev bhardwaj, MP Lok Sabha) མཆོག

༣) ཧི་མ་ཅལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སུ་རེ་ཤི་ ཀུ་མར་ ཀ་ཤཱིབ་ (Suresh Kumar Kashyap, MP Lok Sabha) མཆོག ༤) འབྲས་ལྗོངས་མངའ་སྡེ་ནས་ཡིན་པ་ (Sikkim Krantikari Morcha) སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་འབུམ་རམས་པ་ཨིན་རྡ་ར་ ཧང་ སུ་བྷ་ (Dr. Indra Hang Subba, MP Lok Sabha) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་གནང་ཡོད།

བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོའི་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་བཅས་དང་། བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པའི་ནང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག བོད་དོན་ཞུ་སྐུལ་ཚོགས་ཆུང་གསུམ་པའི་ནང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་བཅས་ཡོད་པ་བཅས།
