དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཆེད་བཅར་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་དང་། སྤྱི་ཁྱབ་བློན་ཆེན། ཕྱོགས་འགལ་ཚོགས་པའི་དབུ་ཁྲིད། གྲོས་ཚོགས་ཀྱི་འཐུས་མི་བཅས་དང་ལྷན་མཇལ་འཕྲད་ཀྱིས་འཚམས་འདྲི་ཞུས་པ།


༄༅། །བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་ཊ་པུ་ཝན་དུ་ཧི་མཱ་ཅལ་མངའ་སྡེའི་དགུན་ཁའི་གྲོས་ཚོགས་ནམ་འཚོགས་སྐབས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམས་ལ་འཚམས་འདྲི་དང་འབྲེལ་བ་དམ་ཟབ་ཡོང་སླད་གསོལ་ཇ་དང་གསོལ་ཚིགས་འདེགས་འབུལ་གནང་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་སུ་ཆེད་ཕེབས་ཀྱིས་གྲོས་ཚོགས་ཀྱི་ཚོགས་གཙོ་ཀུལ་དེབ་ སིངྒ་ པ་ཐ་ནཡེ་ (Shri Kuldeep Singh Pathania, Speaker of Himachal Pradesh Legislative Assembly) མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སུག་ཝིན་དྷར་ སིངྒ་ སུ་ཀུ་ (Shri Sukhvinder Singh Sukhu, Chief Minister of Himachal Pradesh) མཆོག ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཇེ་རཱམ་ ཋཱ་ཀུར་ (Shri Jai Ram Thakur, Leader of Opposition of Himachal Pradesh) མཆོག ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ཡ་ཤཱི་ པོལ་ ཤར་མ་ (Shri Yash Paul Sharma) ལགས་བཅས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམས་ལ་འཚམས་འདྲི་ཞུ་རྒྱུའི་དུས་ཚོད་ཞུས་པར། དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༡༢ པའི་ཚེས་ ༣ ཉིན་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཟུར་ཉན་ཐོག་གདན་ཞུས་དང་། ཉིན་གུང་གསོལ་ཚིགས་སྐབས་མཇལ་མོལ་གནང་རྒྱུའི་དུས་ཚོད་གནང་བ་བཞིན། སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་སུ་ཆེད་ཕེབས་གནང་ཡོད་པ་རེད།


དེ་ཡང་སྔ་དྲོ་ཐོག་མར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་སྐབས་གནད་ཡོད་སྐུ་མགྲོན་བཞུགས་སའི་ཟུར་ཉན་དུ་གདན་ཞུས་ལྟར་ཆེད་བཅར་ཞུས་པ་དང་། སྟོང་པའི་དུས་ཚོད་སྐབས་མངའ་སྡེའི་གྲོས་ཚོགས་གྲོས་ཚོགས་ནས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པར་གཞུང་འབྲེལ་གྱི་དགའ་བསུའི་འཚམས་འདྲི་ཞུས་གནང་སོང་།

དེ་རྗེས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཀུལ་དེབ་ སིངྒ་ པ་ཐ་ནཡེ་ (Shri Kuldeep Singh Pathania, Speaker of Himachal Pradesh Legislative Assembly) མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སུག་ཝིན་དྷར་ སིངྒ་ སུ་ཀུ་ (Shri Sukhvinder Singh Sukhu, Chief Minister of Himachal Pradesh) མཆོག ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཇེ་རཱམ་ ཋཱ་ཀུར་ (Shri Jai Ram Thakur, Leader of Opposition of Himachal Pradesh) མཆོག དེ་བཞིན་གཞུང་འཛིན་ཚོགས་པའི་བློན་ཆེན་དང་། གྲོས་ཚོགས་འཐུས་མི། ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་བཅས་དང་ལྷན་མཇལ་འཕྲད་གནང་སོང་།

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། ང་ཚོ་རྒྱ་གར་ལ་བཙན་བྱོལ་དུ་སླེབས་ནས་ལོ་ངོ་ ༦༥ ལྷག་འགྲོ་ཡི་ཡོད་པ་དང་། དུས་ཚོད་དེའི་རིང་རྒྱ་གར་དབུས་ས་གཉིས་ཀྱི་གཞུང་མང་ནི་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཆགས་ཀྱི་ཡོད་པར་ཐུགས་རྗེ་ཆེ་ཞུས་པ་དང་།

ལྷག་པར་དུ་ཧི་མཱ་ཅལ་མངའ་སྡེ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཆགས་བསྡད་ཡོད་དུས། ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ལའང་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། མུ་མཐུད་འབྲེལ་བ་དམ་ཟབ་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་པ་དང་། ཁོང་རྣམ་པས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཧི་མཱ་ཅལ་མངའ་སྡེའི་ནང་བཞུགས་པ་དེས། ཧི་མཱ་ཅལ་མངའ་སྡེ་དང་། བཞུགས་སྒར་རྡ་རམ་ས་ལ་ནི་རྒྱལ་སྤྱིའི་ཡུལ་སྐོར་ཕེབས་སའི་ས་གནས་གལ་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད། བཞུགས་སྒར་རྡ་རམ་ས་ལ་ནས་མགོན་པོ་གང་ཉིད་མཆོག་གི་ཞི་བདེའི་བསླབ་བྱ་རྣམས་འཛམ་གླིང་ཀུན་ལ་ཁྱབ་སྤེལ་འགྲོ་བཞིན་ཡོད་སྐོར་སོགས་གསུངས་གནང་ཡོད་པ་བཅས།