དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཉི་འོང་རྒྱལ་སྲུང་སློབ་གཉེར་ཁང་དང་། ཀེ་ཡོ་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་སྐུ་ཞབས་ཀོ་ཊ་ཀ་ནེ་མ་ཀི་ལགས་དང་ལྷན་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡༩ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་ཚོགས་གཙོའི་ལས་ཁུངས་སུ་ཉི་འོང་རྒྱལ་སྲུང་སློབ་གཉེར་ཁང་དང་། ཀེ་ཡོ་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་གཉེར་ཁང་ (Keio University) གི་དགེ་རྒན་ཆེན་མོ་སྐུ་ཞབས་ཀོ་ཊ་ཀ་ནེ་མ་ཀི་ (Mr. Kota Kanemaki) ལགས་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་ངོ་སྤྲོད་གནང་སོང་།

དེ་ཡང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོ་བོ་གསུངས་དོན། རྒྱ་ནག་དམར་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག བོད་ནང་བྱིས་པ་རྣམས་སོ་སོའི་ཕ་མ་དང་ཁ་ཕྲལ་ཏེ་རྒྱའི་གཏན་འཇགས་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་དུ་བཏང་སྟེ་བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་བྱེད་བཞིན་ཡོད་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཐོག་ལས་འགུལ་སྤེལ་མཁན་རྣམས་ལ་ཉེས་མེད་ཉེས་འདོགས་ཀྱིས་འཛིན་བཟུང་བཀག་ཉར། བོད་ཀྱི་དངོས་ཡོད་ལོ་རྒྱུས་དང་གནས་ཚུལ་ལ་འཁྱོག་བཤད། ཕྱིའི་འཛུགས་བསྐྲུན་ལ་ཁ་གཡར་ནས་བོད་ཀྱི་ཁོར་ཡུག་དང་ས་གནས་བོད་མི་རྣམས་ཀྱི་འཚོ་བར་གནོད་སྐྱོན་གཏོང་བཞིན་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་འབྲེལ་མོལ་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་། ད་བར་རྒྱ་གཞུང་ངོས་ནས་དེར་ཡ་ལན་ཚུལ་བཞིན་མེད་པ། དེ་ཡང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱ་བོད་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན་སྐོར་སོགས་གསུངས་སོང་།

གཞན་ཡང་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་སྐབས་དང་པོས་དམ་འབུལ་ཞུས་པ་ནས་བཟུང་སྐབས་དུས་སོ་སོར་འགྱུར་བ་ཇི་བྱུང་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ངོ་སྤྲོད་དང་། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས། ཕྱི་ལོ་ ༢༠༢༥ ལོར་ཉི་འོང་རྒྱལ་ས་ཊོཀ་ཡོར་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་སྐོར་སོགས་ཀྱི་ཐོག་ལ་གསུངས་པ་དང་། ཤེས་ཡོན་གྱི་སྡིངས་ཆའི་ཐོག་ནས་བོད་ཀྱི་བདེན་དོན་ཁྱབ་སྤེལ་བྱ་རྒྱུར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་བཅས་ཞུས་གནང་ཡོད་པ་བཅས།