བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་རྒྱལ་སྲིད་ཆོས་སྲིད་བསྐྱངས་ཏེ་མི་ལོ་ཧྲིལ་པོ་ ༧༥ འཁོར་བའི་དུས་དྲན་སྲུང་བརྩིའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ༸རྒྱལ་ཀུན་སྙིང་རྗེའི་རང་གཟུགས། བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་རྒྱལ་ཁབ་ལུགས་ཟུང་ཆོས་སྲིད་ཀྱི་མཛད་འཁུར་དངོས་སུ་བདག་གིར་བཞེས་ཏེ་དེ་རིང་མི་ལོ་ཧྲིལ་པོ་ ༧༥ འཁོར་བའི་ལོ་རྒྱུས་ཀྱི་བྱུང་རབས་ནང་དོན་སྙིང་ལྡན་པའི་སྐལ་བཟང་གི་ཉིན་མོ་ཞིག་ཡིན།

དེ་ཡང་ཇི་སྐད་དུ། གང་དུ་གདུལ་བྱ་ཡོད་པ་ལ། །འཕགས་པ་རྣམ་ནི་སྤྲོ་བཞིན་འཇུག །ཅེས་གསུངས་པ་ལྟར་གདུལ་བྱ་འདུལ་བྱེད་ཀྱི་འཕྲིན་ལས་རྒྱུན་མི་ཆད་ཅིང་སྤྲུལ་པའི་རྣམ་རོལ་དུ་མས་བོད་འབངས་རྗེས་སུ་འཛིན་ཅིང་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་། སྤྲུལ་པའི་ལོ་པཎ་རྣམ་པ། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་། ད་ཆ་བདག་ཅག་རྣམས་ཀྱི་མགོན་སྐྱབས་བཀའ་དྲིན་ཟླ་མེད་པ་༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་གང་ཉིད་བོད་མདོ་སྨད་ཙོང་ཁའི་ཡུལ་གྱི་སྟག་འཚེར་གྲོང་ཚོར་ཡབ་ཆོས་སྐྱོང་ཚེ་རིང་དང་། ཡུམ་བསོད་ནམས་མཚོ་མོ་གཉིས་ཀྱི་སྲས་སུ་བསམ་བཞིན་དུ་སྐྱེ་བར་བཟུང་ཞིང་། དེ་རྗེས་ཡོངས་འཛིན་རྣམ་པའི་དྲུང་ནས་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་གསན་བཞེས་དང་ཞོར་དུ་འཛམ་གླིང་ཆབ་སྲིད་ཀྱི་གནས་བབ་དང་ཚན་རིག་ལའང་ཐུགས་སྣང་མཛད།

དུས་སྐབས་དེར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་ཏུ་དུས་ཟིང་བྱུང་སྟེ་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་ཤོག་གུང་ཁྲན་ཏང་གིས་རྒྱ་ནག་སྐམ་ས་ཆེན་མོའི་སྲིད་དབང་བཟུང་ཞིང་ལོ་དེའི་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ། ཕྱི་ལོ་ ༡༩༤༩ ཟླ་ ༡༡ ཚེས་ ༢༣ ཉིན་མའོ་ཙེ་ཏུང་གིས་བོད་ལ་བཙན་འཛུལ་བྱ་རྒྱུའི་དམག་གྲ་ཡོངས་སུ་བསྒྲིགས་ཏེ་དཔུང་འཇུག་གི་འགོ་བརྩམས་ཤིང་། བོད་ཆབ་མདོ་རྒྱ་ནག་བཅིངས་འགྲོལ་དམག་ཟེར་བའི་ལག་ཏུ་ཤོར་ནས་ཆབ་མདོར་ཡོད་པའི་བོད་གཞུང་གི་ཞི་དྲག་དཔོན་རིགས་ཡོངས་རྫོགས་རྒྱའི་བཙོན་འོག་ཏུ་ཚུད། དུས་དེར་རྒྱ་ནག་དམར་ཤོག་སྲིད་གཞུང་དང་། བོད་ཆོས་ལྡན་རྒྱལ་ཁབ་གཉིས་ཀྱི་མི་ཆ་དང་། སྟོབས་ཤུགས་གང་ཐད་ནས་ཧེ་བག་ཆེན་པོ་ཡོད་པའི་དངོས་ཡོད་གནས་སྟངས་ལ་སོང་། བོད་ཀྱི་སྤྱི་ཚོགས་གནས་བབ་ནི་ཧ་ཅང་དཀའ་ཉེན་ཆེན་པོ་ཞིག་ནང་ལྷུང་། ཕྱོགས་གཞན་ནསབོད་ཀྱི་མཐོ་རིམ་མི་སྣའི་ཤོག་ཁག་དབར་གྱི་ནང་ཁུལ་དབང་ཆའི་འཁྲུག་རྩོད་ཀྱི་འགལ་ཟླ་བྱུང་ཞིང། བོད་ཀྱི་ཆབ་སྲིད་གནས་སྟངས་ཆེས་ཉག་ཕྲ་བ་དང་། ཆེས་ཛ་དྲག་གི་དུས་སུ་གྱུར་སྐབས། བོད་འབངས་ལྷ་སྡེ་མི་སྡེ་ཡོངས་ནས་གསོལ་བ་ཕུར་ཚུགས་སུ་འདེབས་སྙིང་བོད་ལུགས་ལྟར་ན་དགུང་གྲངས་ ༡༦ ལས་སོན་མེད་པའི་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་བོད་ཀྱི་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་དངོས་སུ་བཞེས་དགོས་བྱུང་ཞིང་རིམ་པས་ལེགས་བཅོས་ལས་ཁུངས་དང་གྱོད་ཞིབ་ལས་ཁུངས་གསར་འཛུགས་ཀྱིས་བོད་ཀྱི་ཆབ་སྲིད་སྲ་བརྟན་དང་བོད་འབངས་བདེ་སྐྱིད་ཡོང་ཐབས་ཀྱི་དགོངས་བཞེས་མཛད།

ཕྱི་ལོ་ ༡༩༥༤ ལོ༸གོང་ས་མཆོག་རྒྱ་ནག་གཞུང་གིས་གདན་ཞུས་ལྟར་པེ་ཅིང་སོགས་སུ་ཆིབས་བསྒྱུར་བསྐྱངས་ཏེ། རྒྱ་ནག་གི་འགོ་འཁྲིད་མའོ་ཙེ་ཏུང་སོགས་དཔོན་རིགས་ཁག་མཇལ་འཕྲད་མཛད།  དེ་རྗེས་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་གདན་ཞུས་ལྟར་སྟོན་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་དུས་དྲན་ཆེད་གནས་ཆེན་ཁག་ལ་ཕེབས་ཤིང་། ལྡི་ལིར་རྒྱ་གར་གྱི་སྲིད་བློན་པཎྜིཏ་ཇོ་ཝ་ཧཱར་ལཱལ་ནེ་རུ་སོགས་དཔོན་རིགས་ཁག་ལ་མཇལ་འཕྲད་གནང་སྟེ་བོད་ཀྱི་ཆབ་སྲིད་གནས་སྟངས་སྐོར་བཀའ་མོལ་གནང་ཞིང་། རྒྱ་གར་གྱི་མང་གཙོའི་ལམ་ལུགས་སོགས་ལ་ལེགས་ཆ་གཟིགས། དེ་རྗེས་བོད་དུ་ཕྱིར་ཕེབས་ཀྱིས་ལོ་བསྟུད་མར་རྒྱ་གཞུང་ལ་བསྟུན་མཁས་མཉམ་གནས་ཐུབ་ཐབས་མཛད་ཀྱང་དོན་འབྲས་མ་སོན་པ་མ་ཟདཕྱི་ལོ་ ༡༩༥༡ ལོར་བོད་མིར་བཙན་ཤེད་ཀྱིས་བཞག་པའི་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་དེ་ཡང་རྒྱ་གཞུང་རང་གིས་རྩིས་མེད་རྡོག་རོལ་བཏང་།

ཕྱི་ལོ་ ༡༩༥༨ ལོར་༸གོང་ས་མཆོག་གིས་གདན་ས་གསུམ་དུ་གྲྭ་སྐོར་དམ་འཇོག་གནང་བ་དང་། ཕྱི་ལོ་ ༡༩༥༩ ལོར་ལྷ་ལྡན་དུ་དགེ་འདུན་པ་ཁྲི་ཕྲག་གི་དབུས་སུ་དགེ་བཤེས་ལྷ་རམས་པའི་དམ་འཇོག་མཛད་དེ། མཁས་པའི་ཁྱུ་མཆོག་མང་པོས་མངོན་པར་བསྟོད་ཅིང་སྙན་པའི་གྲགས་པས་ཁྱབ་པ་བྱུང། དུས་སྐབས་དེར་༸གོང་ས་མཆོག་མཛད་བྲེལ་ཤིན་ཏུ་ཆེ་ཡང་རྒྱའི་དམག་སྒར་དུ་གཟིགས་མོར་གདན་འདྲེན་ཨུ་ནན་ཞུས་པ་ལྟར་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ཕེབས་གཏན་འཁེལ་ཡང་། རྒྱ་གཞུང་ནས་༸གོང་ས་མཆོག་ལྷན་སྐུ་སྲུང་གཉིས་གསུམ་ལས་འཁྲིད་མི་ཆོག་ཅིང་གོ་མཚོན་ཡང་འཁྱེར་མི་ཆོག་པ་སོགས་དོན་དུ་སྐུ་ཕྱྭར་བདོ་བར། ལྷ་སར་གནས་བཞུགས་ཆོལ་གསུམ་བོད་མི་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་དེ་ཉིན་༸རྒྱལ་བའི་བཞུགས་གནས་ཕོ་བྲང་ནོར་བུ་གླིང་ཁ་མཐའ་སྐོར་ནས་སྐུ་ཕྱྭར་སྲུང་སྐྱོབ་དང་། རྒྱ་གཞུང་གི་བྱེད་ཕྱོགས་ལ་ངོ་རྒོལ་བྱས་པའི་ཉིན་མོ་དེ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་ཞིག་ཏུ་གྱུརདེ་རྗེས་ཕྱི་ཚེས་ ༡༦ ཉིན་རྒྱ་དམག་གིས་ནོར་བུ་གླིང་ཁའི་ཕོ་བྲང་ཕྱོགས་སུ་མེ་སྒྱོགས་རྒྱག་འགོ་བཙུགས་སྟབཕྱི་ལོ་ ༡༩༥༩ ཟླ༣ ཚེས་ ༡༧ ཉིན་གྱི་མཚན་མོར་༸གོང་ས་མཆོག་སྐུ་འཁོར་དང་བཀའ་ཤག་བཅས་རེ་ཞིག་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་ཡོད།

བཙན་བྱོལ་དུ་༸ཞབས་སོར་འཁོད་རྗེས་ཕྱི་ཟླ་ ༤ ཚེས་ ༡༨ ཉིན་ཏེ་ཛི་པུར་དུ་རྒྱལ་སྤྱིའི་གསར་འགོད་པ་རྣམས་ལ་བོད་རང་བཙན་གཙང་མའི་རྒྱལ་ཁབ་ལ་རྒྱ་དམར་ནས་བཙན་འཛུལ་བྱས་པ་དང་། གྲོས་མཐུན་དོན་ཚན་ ༡༧ ཟེར་བ་ཁས་ལེན་གནང་རྒྱུ་མིན་པ་སོགས་ཡོངས་བསྒྲགས་གནང་།  དེ་ནས་མ་སུ་རིར་བཞུགས་སྒར་མཛད་ཅིང་བཙན་བྱོལ་བོད་གཞུང་དང་། ལྷན་ཁང་འགའ་ཤས་གསར་འཛུགས་གནང་དེ་རྗེས་བཞུགས་གནས་རྡ་རམ་ས་ལར་གནས་སྤོས་གནང་ཞིང་རིམ་པས་ཆོས་སྒར། གཞིས་སྒར། སློབ་གྲྭ། དེ་བཞིན་ཤེས་ཡོན་དང་། རིག་གཞུང་། ལག་ཤེས་སོགས་ཀྱི་བསྟི་གནས་གསར་འཛུགས་བསྐྱངས ༸གོང་ས་མཆོག་གིས་རིང་མོ་ཞིག་ནས་དགོངས་པ་ཡོད་པ་ལྟར་ཐོག་མར་ཕྱི་ལོ་ ༡༩༦༠ ལོར་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་འཐུས་མི་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བསྐྱངས་ཤིང་རིམ་པས་བོད་གཞུང་དེ་ཉིད་དེང་རབས་མང་གཙོའི་འགྲོ་ལུགས་ཤིག་ཏུ་བསྒྱུར་གནང་མཛད

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང། སྐད་ཡིག མི་རིགས། ཁོར་ཡུག་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འཇམ་རྩུབ་སྣ་ཚོགས་ཀྱི་སྒོ་ནས་ལག་བསྟར་བྱེད་བཞིན་ཡོད་ཀྱང་། བཙན་བྱོལ་ནང་གཙོ་བོ་༸གོང་ས་མཆོག་གི་མཁྱེན་བརྩེ་ནུས་པའི་བླ་ན་མེད་པའི་ཐུགས་བསྐྱེད་མཛད་འཕྲིན་ལ་བརྟེན་ནས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་དང་སླར་གསོ་གནངཞིང་། ད་བར་བོད་ཀྱི་ཆོས་དང་། རིག་གཞུང་། ཚན་རིག་དང་ནང་ཆོས་དབར་བགྲོ་གླེང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས། དེ་ཡང་བྱམས་བརྩེ་གོང་འཕེལ་གྱིས་སེམས་ནང་ཞི་བདེ་དང་ཡིད་ཆེས་ཡོང་དགོས་པ་སོགས་ཀྱི་ལམ་སྟོན་མཛད་ནས་འཛམ་གླིང་ནང་མི་མང་ས་ཡ་མང་པོར་ཕན་ཐོགས་བྱུང་ཞིང་། ནང་ཆོས་ལ་དད་མོས་ཡོད་མཁན་རྣམས་ལ་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བ་དང་འཛམ་གླིང་གང་སར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཡང་ཐེངས་ ༣༤ གནང་བ་སོགས་ཆོས་སྲིད་ཀྱི་མཛད་འཕྲིན་རླབས་ཆེན་བསྐྱངས་གནང་ཡོད།

དེ་བཞིན་༸གོང་ས་མཆོག་གིས་དཀའ་བ་བརྒྱ་ཕྲག་ལྷུར་བཞེས་མཛད་དེ་བོད་དོན་བདེན་མཐའ་གསལ་ཐབས་སོགས་ལ་གནས་ཡུལ་རྒྱ་གར་གཞུང་དང་། རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་བས་ཕྱི་ལོ་ ༡༩༥༩ དང་། ༡༩༦༡།༡༩༦༥ ལོ་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གྱི་གྲོས་ཆོད་བཞག་ཐུབ་པ་དང་། དེ་རྗེས་ཕྱི་ལོ་ ༡༩༦༧ ལོར་ཐོག་མར་ཉི་འོང་རྒྱལ་ཁབ་ཏུ་ཆིབས་བསྒྱུར་བསྐྱངས་པ་ནས་རིམ་པས་ཡུ་རོབ་དང་། ལྷོ་བྱང་ཨ་མི་རི་ཀ།ཨ་ཕི་རི་ཀ་བཅས་འཛམ་གླིང་རྒྱལ་ཁབ་ཕལ་མོ་ཆེ་ནང་ཆིབས་བསྒྱུར་ཐེངས་མང་བསྐྱངས་ཏེ། རྒྱལ་ཁབ་སོ་སོའི་དབུ་འཁྲིད་སོགས་དཔོན་རིགས་ཁག་ལ་མཇལ་འཕྲད་གནང་ཞིང་། ཨ་རིའི་གྲོས་ཚོགས་ནས་བོད་དོན་ཐོག་ཁྲིམས་ཡིག་སྔ་རྗེས་བཞག་ཐུབ་པ་བྱུང་བ་དང་། དེ་བཞིན་ཡུ་རོབ་གྲོས་ཚོགས་དང་། རྒྱལ་ཁབ་མང་པོའི་གཞུང་དང་གྲོས་ཚོགས་སོགས་ནས་བོད་དོན་ཐོག་གྲོས་ཆོད་སྔ་རྗེས་མང་པོ་བཞག་ཐུབ་ཅིང། ལྷག་པར་དུ་རྒྱ་ནག་གཞུང་དང་འབྲེལ་བ་བསྐྱར་གསོ་གནང་སྟེ་༸གོང་ས་མཆོག་གིས་རྒྱ་གཞུང་མཉམ་གཉིས་ཕན་གྱི་དགོངས་པ་བཞེས་ཤིང་བཙན་བྱོལ་བོད་མིའི་སྐུ་ཚབ་བོད་ནང་གཟིགས་སྐོར་སྔ་རྗེས་ཕེབས་ཐུབ་པ་བྱུང་བ་དང་། གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་་ཚུ་འགྲོ་འོང་ཐུབ་པ་བྱུང་ཞིང་དེ་བཞིན་ཕྱི་ལོ་ ༢༠༠༢ ནས་བོད་རྒྱ་གཉིས་དབར་འབྲེལ་མོལ་ཐེངས་དགུ་ཙམ་གནང་ཡང་། རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་དོགས་པ་རྣམ་རྟོག་གིས་བོད་རྒྱའི་དཀའ་རྙོག་སེལ་བའི་བཟང་ཕྱོགས་སུ་མདུན་བསྐྱོད་བྱུང་ཐུབ་མེད། དེ་རིང་བརྗོད་འདོད་པ་ཞིག་ལ་༸གོང་ས་མཆོག་སྐུ་འཚོ་བཞུགས་རིང་བོད་རྒྱའི་དཀའ་རྙོག་སེལ་ཐབས་དགོས་པ་རྒྱ་གཞུང་གི་དཔོན་རིགས་རྣམས་ལ་སྐུལ་མ་བྱ་རྒྱུ་ཡིན།

༸གོང་ས་མཆོག་གིས་བོད་ཀྱི་བདེན་པའི་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ལ་བསྟེན་པ་དང་། འཛམ་གླིང་ཡུལ་གྲུ་གང་སར་བྱམས་བརྩེའི་ལམ་སྟོན་གནང་ཞིང་། ཞི་བདེའི་སྣེ་འཁྲིད་མཛད་པ་སོགས་ལ་བརྟེན་མིང་དོན་མཚུངས་པའི་བྱམས་བརྩེའི་བདག་ཉིད་དང་། འཛམ་གླིང་ཞི་བདེའི་དེད་དཔོན་གྱི་མཚན་སྙན་ཡོངས་གྲགས་སུ་ཐོབ་པ་བྱུང་ཞིང་། ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ཐོག་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་སོགས་ཁྱོན་གཟེངས་རྟགས་དང་ཆེ་བསྟོད་སྟོང་ཕྲག་ལ་ཉེ་བར་འབུལ་བཞེས་མཛད་ཡོད་ཅིང། མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞིའི་མཛད་པར་འཛམ་གླིང་ཡུལ་གྲུ་གང་ས་ནས་དགའ་མོས་དང་།  ལག་བསྟར་ཞུ་བཞིན་ཡོད་པ་སོགས་ནི་ཆེས་བླ་ན་མེད་པའི་རླབས་ཆེན་གྱི་མཛད་འཕྲིན་ཞིག་ཏུ་གྱུར་ཅིང་། བོད་གངས་ཅན་ལྗོངས་ཀྱི་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་བོད་མི་རྩམ་ཟན་པ་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་སྒྲིལ་ཐུབ་ནས་བོད་ཀྱི་གནད་དོན་འཛམ་གླིང་གང་སར་ཁྱབ་ཐུབ་པ་སོགས་ནི་༸གོང་ས་མཆོག་གི་མཛད་འཕྲིན་དང་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཡོད་པས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་མགོན་པོ་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ།

༸གོང་ས་མཆོག་དགུང་གྲངས་ ༡༦ ནས་དགུང་གྲངས་ ༩༠ ལ་ཕེབས་པའི་དུས་ཡུན་རིང་བསྟན་འགྲོ་སྤྱི་དང་། བྱེ་བྲག་ཁ་བ་གངས་ཅན་པའི་བསྟན་སྲིད་ཉག་ཕྲ་བའི་དུས་སྐབས་སུ་སྐུ་ངལ་ཁྱད་བསད་ཀྱིས་བཀའ་དྲིན་བླ་མེད་བསྐྱངས་ཏེ་ལོ་ངོ་ ༧༥ ཧྲིལ་པོ་འཁོར་བའི་དུས་དྲན་ཁྱད་པར་ཅན་དང་། ལོ་འདིར་དམིགས་བསལ་༸གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་གོ་སྟོན་བྱམས་བརྩེའི་ལོར་སྲུང་བརྩི་ཞུ་བཞིན་པར་རང་ཅག་བོད་མི་རྣམས་ཀྱིས་གང་ཉིད་ཀྱི་བཀའ་སློབ་ལམ་སྟོན་དང་། བཀའ་དྲིན་རྣམས་རྗེས་སུ་དྲན་ཅིང་། བོད་མི་རིགས་ཀྱི་ཆབ་སྲིད་དང་། རིག་གཞུང་རྣམས་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཡོང་བའི་ལྷག་བསམ་དང་། སྙིང་སྟོབས་གཅིག་ཏུ་སྒྲིལ་ནས་བོད་དོན་བདེན་མཐའ་མ་གསལ་བར་དེ་སྲིད་དུ་བོད་བསྟན་སྲིད་ཀྱི་འགན་ཁུར་ཆེར་བཞེས་ཀྱིས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་། ༸རྒྱལ་བའི་སྐུ་ཚེ་བརྟན་པའི་ཞབས་བརྟན། ༸རྒྱལ་བའི་ཐུགས་དགོངས་འགྲུབ་པའི་ཞབས་འདེགས་སུ་ཡོང་བར་བྱ་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

ད་བར་བོད་དང་བོད་མིར་རྒྱབ་སྐྱོར་གནང་མཁན་རྒྱ་གར་གཞུང་མང་གཉིས་ཀྱིས་གཙོས་ཨ་རི་དང་། ཡུ་རོབ་སོགས་འཛམ་གླིང་ཡུལ་གྲུ་གང་ས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། མཛད་འཕྲིན་རྒྱས་པ་དང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་རྣམས་འགྲུབ་ཅིང་། བོད་དོན་བདེན་མཐའ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱི་སྐྱིད་པའི་ཉི་མ་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རབ་གནས་ཤིང་སྦྲུལ་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡༧ ལ།།