རྩིས་ལོ་ ༢༠༢༥་་་༢༦ ལོའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཁྲར་ཞིབ་འཇུག་ཚོགས་ཆུང་གི་ལས་དོན་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༨ ཉིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ལོ་ ༢༠༢༥་་་༢༦ ལོའི་རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་གི་ཕྱག་ལས་དངོས་སུ་དབུ་འཛུགས་གནང་ཡོད།

དེ་ཡང་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་ ༡༠ པའི་ནང་གསེས་ ༢ པའི་དགོངས་དོན་ལྟར། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་གི་མི་འགྲོར། ༡) སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། ༢) ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་ཟླ་བ་ལགས། ༣) འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ཡེ་ཤེས་སྒྲོལ་མ་ལགས་བཅས་སུ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༠ ཉིན་དམིགས་འཛུགས་བསྐོ་གཞག་བཀོད་ཁྱབ་གཞིར་བཟུང་། དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ པ་ཙམ་ལ་ཚོགས་ཆུང་གི་ཚོགས་མི་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ལྷན་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དྲུང་ནས་ལས་དོན་གནང་ཕྱོགས་ཀྱི་ལམ་སྟོན་ཞུས་རྗེས། ལས་དོན་དངོས་སུ་འགོ་འཛུགས་གནང་ཡོད།

རྩིས་ལོ་ ༢༠༢༥་་་༢༦ ལོའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། ཚོགས་ཆུང་གི་དྲུང་ཆེ་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་ཟླ་བ་ལགས་བཅས་སྤྱི་མོས་ཐུགས་གཏན་ཁེལ་ཡོད་པ་བཅས།