
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༠ པའི་ཚེས་ ༢༤ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཡན་ལག་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ། ཕྱི་ཚེས་ ༢༤ ནས་ ༢༥ བར་ཉིན་གྲངས་གཉིས་ཀྱི་རིང་ ”ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་སྐོར་” ཞེས་པའི་བརྗོད་གཞིའི་ཐོག་སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་།

དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དབུ་འཛིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་དགེ་རྩ་ཚོགས་པའི་འགན་འཛིན་སྤྲུལ་སྐུ་ཆོས་དར་མཆོག བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་བཤད་གྲྭ་ཁག་གཉིས་ཀྱི་ཚོགས་གཙོ་མཁན་པོ་པ་སངས་བསྟན་འཛིན་མཆོག སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཞོན་མཁན་པོ་རྒྱ་མཚོ་མཆོག གཞན་ཡང་སྡེ་ཚན་ཁག་གི་འགན་ཁུར་བཞེས་མཁན་དང་། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་སྔ་འགྱུར་རྙིང་མའི་དགོན་སྡེ་ཁག་གི་གཙོས་པའི་དགོན་སྡེ་ཁག་གི་མཁན་སློབ་དང་སློབ་གཉེར་བ་རྣམ་པ། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་བཤད་གྲྭ་ཁག་གཉིས་ཀྱི་སློབ་གཉེར་བ་བཅས་ཕེབས་འདུག

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ། འཇིག་རྟེན་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག་ཐུན་དངོས་གྲུབ་ཀུན་གྱི་འབྱུང་གནས་བཀའ་དྲིན་མཚུངས་མེད་༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་རྣམ་གཉིས་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་བཅུ་གཅིག་པའི་ཐོག་ལ་ཆིབས་བསྒྱུར་སྐྱོང་མཁན་སྔ་འགྱུར་བསྟན་པའི་གསལ་བྱེད་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག ༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་དགེ་རྩ་ཚོགས་པའི་འགན་འཛིན་སྤྲུལ་སྐུ་ཆོས་དར་མཆོག བཤད་གྲྭའི་ཚོགས་གཙོ་མཁན་པོ་པ་སངས་བསྟན་འཛིན་མཆོག་གིས་དབུས་པའི་སྡེ་ཚན་ཁག་གི་རྒྱུན་ལས་རྣམ་པ། དེ་བཞིན་བགྲོ་གླེང་ཐོག་གསུང་བཤད་དང་། མཉམ་ཞུགས་གནང་མཁན་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁན་སློབ་རྣམ་པ། འདིར་འདུས་པའི་འདུས་ཚོགས་ཡོངས་ལ་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་དང་། སྒེར་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ད་ལན་སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐོག་ལ་བཅར་རྒྱུ་བྱུང་བར་དམིགས་བསལ་བསྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། དེ་ཡང་ལྷོ་ཕྱོགས་ལ་ཡོང་དོན་གཙོ་བོ་དེ། སེར་བྱེས་མཁས་སྙན་གྲྭ་ཚང་ནས་འདི་ལོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་མཛད་སྒོ་དང་། དེ་བཞིན་མེ་སོར་གཙུག་ལག་སློབ་གཉེར་ཁང་གིས་ངོས་བཞེས་ཡོད་པའི་སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སྐབས་དང་པོའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་ལ་མགྲོན་འབོད་གནང་བ་ལྟར་བཅར་བའི་སྐབས་ལ། བཤད་གྲྭའི་ཚོགས་གཙོ་མཁན་རིན་པོ་ཆེ་མཆོག་གིས། ད་རེས་ལྷོ་ཕྱོགས་ལ་ཕེབས་པ་དང་བསྟུན། རྙིང་མའི་ལྟ་གྲུབ་བགྲོ་གླེང་ཐོག་ལ་བཅར་ཐུབ་ན་ཡག་པོ་འདུག་ཅེས་གསུངས་པ་གཞིར་བཟུང་བཅར་བ་ཡིན། རྩ་བའི་ལྟ་གྲུབ་བགྲོ་གླེང་གི་དམིགས་ཡུལ་དང་། འབྱུང་རིམ་དགོས་པ་རྒྱུ་མཚན་དང་བཅས་པ་ད་ལྟ་གོང་དུ་བཤད་གྲྭའི་ཚོགས་གཙོ་མཁན་རིན་པོ་ཆེ་མཆོག་གིས་གསུངས་པ་གཞིར་བཟུང་རེད། དེའི་སྒང་ལ་དམིགས་བསལ་ཞུ་དགོས་པ་ཞིག་མི་འདུག ཡིན་ནའང་། དེ་འདྲའི་གནས་སྟངས་རྒྱབ་ལྗོངས་འདྲ་པོ་ཞིག་ཏོག་ཙམ་ཞུས་ན་བསམ་སོང་།

རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པར་བརྟེན་ནས་ང་ཚོ་བཙན་བྱོལ་བའི་གནས་བབ་ཆགས་ཡོད་ཅིང་། དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། སྐབས་དེ་དུས་བོད་མི་མི་ཉུང་བ་ཞིག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས། གནས་ཡུལ་རྒྱ་གར་གཞུང་དང་། བོད་མི་གནས་སའི་ས་གནས་གཞུང་དང་མི་མང་བཅས་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་གནང་འབྲས་སུ། བཙན་བྱོལ་ནང་གཞིས་ཆགས་དང་། དགོན་སྡེ། སློབ་གྲྭ། རིག་གནས་ཀྱི་སྡེ་ཚན་མང་པོ་ཞིག་བཙུགས་ཐུབ་ཡོད་རེད། དེ་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། ང་ཚོ་བཙན་བྱོལ་ལ་གྱར་ནས་ལོ་ངོ་ ༦༥ འགྲོ་ཡི་ཡོད་ཅིང་། དུས་ཡུན་དེའི་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་ལམ་སྟོན་དང་། དེའི་འོག་ལ་ཆོས་བརྒྱུད་ཁག་གི་དབུ་འཁྲིད་བླ་ཆེན་རྣམ་པས་ཐུགས་བསྐྱེད་དང་འབད་བརྩོན་གནང་བར་བརྟེན་ནས་ད་ལྟའི་དུས་སུ་འཛམ་གླིང་ཤར་ནུབ་གང་དུ་ཡིན་ནའང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་དར་ཁྱབ་ཆེན་པོ་བྱུང་ཡོད། དེའི་ནང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་དང་། ཚན་རིག་དབར་བགྲོ་གླེང་དབུ་བཙུགས་གནང་ཐུབ་པ། ནང་པའི་གཞུང་ལ་ནང་ཆོས་དང་། ལྟ་གྲུབ། ཚན་རིག་བཅས་སྡེ་ཚན་འདྲ་པོ་གསུམ་ལ་དབྱེ་བ་ཕྱེ་ནས་དམིགས་བསལ་ཟུར་དུ་ཕྱག་དཔེ་ལྗགས་རྩོམ་མཛད་ཡོད་པ་ད་ལྟ་ང་ཚོ་ཚང་མས་མཇལ་རྒྱུ་ཡོད་པའི་གནས་སྟངས་ཆགས་བསྡད་ཡོད་རེད། འཛམ་གླིང་ནང་ཆོས་ལུགས་མི་འདྲ་བ་མང་པོ་ཞིག་ཡོད་རེད་དེ། སོ་སོའི་ཕྱོགས་ཟིན་པའི་ཐོག་ནས་དོ་སྣང་ཡོང་མི་ཐུབ་པ་དེ་འདྲ་ཡོང་གི་ཡོད་རེད། ནང་ཆོས་ནི། སྟོན་པ་བཅོམ་ལྡན་འདས་ཀྱི་ཐུགས་རྗེའི་མཁྱེན་རྟོགས་ལ་བརྟེན་ནས་འགྲོ་བའི་ཁམས་དང་མོས་པ་བསམ་པ་ནང་བཞིན་གྱིས་ཆོས་ཀྱི་ཕུང་པོ་ཞིག་གསུངས་པ་ཡིན་དུས། དེའི་ནང་ནས་ལྟ་གྲུབ་དང་། ཚན་རིག་ཟེར་བ་སེམས་ཁམས་རིག་པ་དེ་ཚོ་ཤེས་ཡོན་རང་གི་ཐོག་ནས་སྦྱོང་བ་ཡིན་ན་འགྲོ་བ་སྤྱི་ལ་ཕན་ཐོགས་ཐུབ་རྒྱུའི་དམིགས་བསལ་གྱིས་ནུས་པ་ཡོད་པ། དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངེས་ཤེས་རྙེད་ནས་ང་ཚོ་དང་། རྒྱལ་སྤྱིའི་ནང་ལམ་སྟོན་གནང་བ་བཅས་ལ་བརྟེན་ནས། འཛམ་གླིང་ཐོག་གི་ཚན་རིག་པ་སྙན་གྲགས་ཅན་དང་། འབྱོར་ལྡན་སྐྱེ་བོ་མང་པོ་ཞིག་ནས་ནང་ཆོས་ཐོག་ལ་དོ་སྣང་དང་སྲི་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན་པ། དེ་ཡང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། དེ་བཞིན་ཆོས་བརྒྱུད་ཁག་གི་དབུ་འཁྲིད་བླ་ཆེན་རྣམ་པ་རེད། ང་ཚོའི་བཤད་གྲྭ་ལྟ་བུར་མཚོན་པ་ཡིན་ན། མཁན་ཐོག་དང་པོ་དེ་མཁན་པོ་བརྩོན་འགྲུས། བོད་ནང་གི་རྫོགས་ཆེན་ཤྲཱི་སེང་མཁན་པོ་ཆགས་བསྡད་ཀྱི་ཡོད་རེད། འདི་ལ་དང་པོ་བཤད་གྲྭའི་འཆད་ཉན་འགོ་བཙུགས་པ་ནས་བཟུང་ད་བར་མི་ཐོག་ཁ་ཤས་ཀྱིས་སྐུ་ངལ་བསྐྱོན་པའི་གྲུབ་འབྲས་ཆགས་ཡོད་ཅིང་དེ་རིང་གི་བགྲོ་གླེང་གི་ཚོགས་འདུ་དེ་འདྲ་བ་ཞིག་ཚང་མས་དངོས་སུ་མཇལ་རྒྱུ་དང་མྱོང་རྒྱུ་བྱུང་བའི་གནས་སྟངས་ཞིག་ཆགས་བསྡད་ཡོད་དུས། ཁོང་རྣམ་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། ཁོང་རྣམ་པའི་བཀའ་སློབ་དེ་དག་རྒྱུན་དུ་སེམས་ལ་འཇོག་དགོས་པ་དེ་གལ་ཆེན་པོ་གཅིག་རེད་འདུག

དེ་བཞིན་སྔ་འགྱུར་བ་ལྟ་བུར་མཚོན་པ་ཡིན་ན། ༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་ལ་བརྟེན་ནས་ཕྱི་ལོ་ ༡༩༦༣ ལོར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ཞེས་པའི་དགོན་པ་ཕྱག་བཏབ་ཅིང་། སྐབས་དེ་དུས་དཔལ་འབྱོར་གྱི་དཀའ་ངལ་ཧ་ཅང་ཆེ་ནའང་། ༧སྐྱབས་རྗེ་རིན་པོ་ཆེས་སྐུ་ངལ་ཁྱད་དུ་བསད་ནས་སྔ་འགྱུར་བའི་གདན་ས་འདི་ཡང་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་གཞན་འདྲོང་བྱེད་མི་དགོས་པའི་གནས་སྟངས་ཤིག་བྱུང་བསྡད་ཡོད་རེད། དེ་ཡིན་དུས། ༧སྐྱབས་རྗེ་རིན་པོ་ཆེའི་མཛད་པ་འཕྲིན་ལས་དངོས་སུ་མཇལ་མྱོང་མཁན་ཡོད་རེད། དེ་བཞིན་ད་ལྟ་རྣམ་ཐར་ཡིག་ཐོག་ལ་བཀོད་པའང་ཡོད་རེད། དེ་ཚོར་མིག་ལྟོས་བྱས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ༧སྐྱབས་རྗེ་རིན་པོ་ཆེའི་ཐུགས་དགོངས་འགྲུབ་རྒྱུར་འབད་འབུངས་བྱེད་དགོས་པ་དེ་གལ་ཆེན་པོ་གཅིག་ཆགས་བསྡད་ཀྱི་འདུག

དེ་རིང་བགྲོ་གླེང་གི་བརྗོད་གཞི་དེ་ ”ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་སྐོར་” ཆགས་བསྡད་ཀྱི་ཡོད་རེད། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་ལྟ་བུར་མཚོན་པ་ཡིན་ན། ད་ལྟ་གོང་དུ་ཞུས་པ་ནང་བཞིན་རེད། འཇམ་མགོན་མི་ཕམ་རིན་པོ་ཆེ་མཆོག་གིས་དགུང་ལོ་བདུན་ནས་ལྗགས་རྩོམ་གནང་བ་རེད་ཅེས་བཤད་སྲོལ་ཡོད། ཕལ་ཆེར་བཤད་སྲོལ་དེ་ནི་རྫོགས་ཆེན་ཤྲཱི་སེང་བཤད་གྲྭ་ནས་མར་ངག་རྒྱུན་ཞིག་ཡོད་པ་འདྲ། རྣམ་ཐར་ནང་ལོགས་ལ་མཇལ་ཡོང་དུས། དགུང་ལོ་བདུན་ནས་སྡོམ་གསུམ་རྣམ་ངེས་བློ་འཛིན་དང་། དགུང་ལོ་བཅུ་ཕྲག་ནས་ལྗགས་རྩོམ་རིགས་གནང་གི་ཡོད་པའི་སྐོར་འཁོད་ཡོད་རེད། ངག་རྒྱུན་ཐོག་ལ་དགུང་ལོ་བདུན་ལ་སོན་སྐབས་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་ལྗགས་རྩོམ་མཛད་པའི་སྐོར་ཞིག་བཤད་སྲོལ་ལ་ཡོད་རེད། འཇམ་མགོན་མི་ཕམ་རིན་པོ་ཆེ་མཆོག་ནི་ཆོས་བརྒྱུད་སྤྱི་དང་། ལྷག་པར་སྔ་འགྱུར་བར་བཀའ་དྲིན་ཆེན་པོ་ཆགས་ཀྱི་ཡོད་པ། དེ་བཞིན་བོད་དང་། ཧི་མ་ལ་ཡའི་ཁུལ་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཆགས་བསྡད་ཡོད་རེད། ནང་ཆོས་ནི། རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔའི་གྲས་ནས་རིག་གནས་ཆེ་བ་གཅིག་ཆགས་ཀྱི་ཡོད་ཅིང་། འཇམ་མགོན་མི་ཕམ་རིན་པོ་ཆེ་མཆོག་ནི་རིག་གནས་ཆེ་ཆུང་མཐའ་དག་ལ་མཁས་པ་དང་། འབུར་དུ་ཐོན་པའི་ཕྱག་རྗེས་མང་པོ་བཞག་ཡོད་རེད། མི་ཕམ་རིན་པོ་ཆེས་ལྗགས་རྩོམ་གནང་བའི་སྨན་གྱི་སྐོར་མང་པོ་ཞིག་ད་ལྟ་བོད་ཀྱི་སྨན་རྩིས་ཁང་ནས་ལག་ལེན་བསྟར་བཞིན་ཡོད་པ་མ་ཟད། སྙན་ངག་དང་། སྡེབ་སྦྱོར། མངོན་བརྗོད་སོགས་ཀྱི་རིག་གནས་མཐའ་དག་ནང་ལའང་དེ་མཚུངས་ཕྱག་རྗེས་བཞག་ཡོད་པ་ཞིག་ཆགས་བསྡད་ཡོད་རེད། ཁོང་གི་མཁྱེན་རྟོགས་ལྟ་བུར་མཚོན་པ་ཡིན་ན། ཚད་མ་རྣམ་འགྲེལ་གཟིགས་པའི་དུས་ཚོད་ལ་རྨི་ལམ་ཞིག་བྱུང་ནས་ངོ་བོ་དེ་ས་པཎ་ཡིན་པ་ལ་རྣམ་པ་རྒྱ་གར་གྱི་པཎ་གྲུབ་ཀྱི་ཆས་ཅན་ཤངས་རྩེ་ཅུང་ཟད་གུག་པ་ཞིག་གིས་ཚད་མ་རྣམ་འགྲེལ་ལ་མི་ཤེས་རྒྱུ་ཅི་ཡོད། དགག་སྒྲུབ་གཉིས་རེད་གསུངས་ནས་ཚད་མའི་འགྲེལ་པའི་ཕྱག་དཔེ་ཞིག་དུམ་བུ་གཉིས་སུ་བྱས་པ་དེ་གཉིས་ཕྱོགས་གཅིག་ཏུ་སྡོམས་གསུངས་པས། མི་ཕམ་རིན་པོ་ཆེས་དེ་ཕྱོགས་གཅིག་ཏུ་བསྡམས་པ་དང་ལམ་སེང་དེ་རལ་གྲིའི་རྣམ་པ་ཆགས། ཁོང་གིས་མདུན་ན་ཤེས་བྱའི་ཆོས་ཐམས་ཅད་ཡོད་པ་ལྟ་བུར་ཤར་བ་ལ། རལ་གྲི་དེ་གཅིག་གཡུགས་ཡོང་དུས་ཚང་མ་ཅིག་ཅར་དུ་ཆོད་པའི་གཟིམ་ལམ་གསལ་པོ་ཞིག་བྱུང་བ་དང་། སང་ཉིན་ཚད་མར་བལྟས་ཡོང་དུས། ཚད་མ་རྣམ་འགྲེལ་ལ་མི་ཤེས་པ་གཅིག་ཀྱང་མ་བྱུང༌ཞེས་ཁོང་གིས་ཞལ་ནས་གསུངས་ཡོད་པ་རྣམ་ཐར་ནང་མཇལ་རྒྱུ་ཡོད་རེད། དེ་ལྟར་ལྷག་པའི་ལྷ་ཡང་མཇལ་ཡོད་པ་གསལ་པོ་ཞེ་དྲག་རེད། སྐུ་ལས་བསྐྱོན་སྟངས་བལྟས་པ་ཡིན་ན། འཇམ་མགོན་མི་ཕམ་རིན་པོ་ཆེས་བཀའ་འགྱུར་པོད་བརྒྱ་ལྷག་ཡོད་པ་གཅིག་པུ་ཚར་བདུན་དཔེ་གཟིགས་གནང་ཡོད་རེད་ཅེས་གསུང་གི་ཡོད་ཅིང་། ང་ཚོས་ཚར་གཅིག་ཀྱང་ཡག་པོ་ཀློག་ཐུབ་རྒྱུ་ཁག་པོ་ཆགས་བསྡད་ཡོད་རེད། དེ་བཞིན་ཁོང་སྙུང་གཞི་བཞེས་པའི་སྐབས་སུའང་ཉེ་འཁོར་ནས་བསྟན་འགྱུར་ཕྱག་དཔེ་ཚུར་གཡར་ནས་དཔེ་གཟིགས་གནང་བ་སོགས་དེ་འདྲའི་ཐོག་ནས་སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་ཤིང་རྟ་ཆེན་པོ་ཞིག་ཆགས་ཡོད་རེད། དེ་རིང་ཁོང་གི་གཞུང་དང་འབྲེལ་བ་ཡོད་དུས། གཞུང་གི་ཐོག་ནས་ཐོས་བསམ་སློབ་གཉེར་བྱ་རྒྱུ་དང་། དེ་འདྲ་བའི་མཁྱེན་པ་དང་ཤེས་རབ་ཇི་ལྟར་བྱུང་བའི་བརྒྱུད་རིམ་སྐོར་རྩད་གཅོད་བྱས་ནས་ང་རང་ཚོ་ལའང་དེའི་མཁྱེན་པ་དང་རྟོགས་པ་ཡོང་ཐུབ་རྒྱུར་འབད་བརྩོན་ཞུ་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་འདུག

དེ་བཞིན་ཁོང་གི་གཞུང་གི་ཁུངས་གཏུགས་ས་གཙོ་བོ་དེ། རོང་ཀློང་རྣམ་གཉིས་ཞེས། རོང་ཟོམ་མ་ཧཱ་པཎྜི་ཏ་ཆེན་པོ་དང་། ཀུན་མཁྱེན་ཀློང་ཆེན་པ་གཉིས་ཆགས་བསྡད་ཡོད་རེད། རོང་ཟོམ་མ་ཧཱ་པཎྜི་ཏ་ལྟ་བུར་མཚོན་པ་ཡིན་ན་མཁས་པ་ཆེན་པོ་ཞིག་ཡིན་པ་དང་། སྐབས་དེ་དུས་རྒྱ་གར་གྱི་ པཎྜི་ཏ་དེ་ཚོ་བོད་ལ་སླེབས་པའི་དུས་སྐབས་ཆགས་བསྡད་ཡོད་རེད། རྣམ་ཐར་ནང་བཤད་སྲོལ་ཞིག་ཡོད་རེད། ཕྱོགས་ཀྱི་གླང་པོའི་ཤེས་རབ། ཆོས་ཀྱི་གྲགས་པའི་བརྒལ་བརྟག དབྱིག་གཉེན་ཞབས་ཀྱི་ཐོས་པ། ཙནྡྲ་གོ་མའི་བརྗོད་པ། སློབ་དཔོན་དཔའ་བོའི་རྩོམ་པ། ཞེས་སྐབས་དེ་དུས་ཀྱི་རྣམ་ཐར་ནང་བྲིས་ཡོད་རེད། ད་ལྟ་བཤད་པ་ཡིན་ན། ང་ཚོས་རྙིང་མའི་ཕྱོགས་ཞེན་བྱེད་ཀྱི་འདུག་ཅེས་གསུང་སྲིད། སྐབས་དེ་དུས་ཀྱི་གནས་སྟངས་དེ་གསར་རྙིང་དབར་ཁྱད་པར་ཞེ་པོ་ཡོད་མ་རེད། བོད་སྔ་རབས་པའི་དུས་ཚོད་ལ་མཁས་པ་དེ་དག་བྱུང་ཡོད་རེད། ཁོང་གིས་གསུངས་པ་ཞིག་ལ། བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ལ་མ་ཐོས་པ་མེད། ཐོས་པ་ཆེ་བ་ཡང་མ་ཡིན་ཏེ། ཆོས་ཕལ་ཆེ་བ་ཚར་རེ་ལས་མ་ཐོས། ཞེས་ཐོས་བསམ་སློབ་གཉེར་གནང་སྟངས་ཧ་ལས་པའི་ཤུགས་ཆེན་པོ་ཆགས་བསྡད་ཡོད་རེད། ད་ལྟ་ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་ཁུངས་གཅིག་རོང་ཟོམ་ལ་གཏུགས་ཡོད་རེད། དེའི་ནང་ནས། ལྟ་བ་དགག་གཉིས་གང་ལྟར་སྨྲ། །དྲི་བ་དྲུག་པའི་ནང་ཡོད་པ། མི་གཅིག་མཐུན་སྣང་ལྟ་བྱ་གང་། །ཞེས་པ་དེ་གཉིས་རོང་ཟོམ་མ་ཧཱ་པཎྜི་ཏའི་གསུངས་ལ་ཁུངས་གཏུགས་ཤིང་ཁོང་གི་མཚན་ཡང་ཚུར་དྲངས་ཡོང་གི་འདུག

དེ་བཞིན་ཀུན་མཁྱེན་ཀློང་ཆེན་པ་ལྟ་བུར་མཚོན་པ་ཡིན་ན། སྐབས་དེ་དུས་ཇོ་བོ་རྗེ་བོད་ལ་ཕེབས་བསྡད་ཡོད་རེད། ཇོ་བོ་རྗེའི་སློབ་མ་ཁུ་རྔོག་བྲོམ་གསུམ་ཡོད་པའི་ནང་ནས། རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་དགོན་པ་ཕྱག་བཏབ་ཅིང་། དེ་ཡང་ཇོ་བོ་རྗེས་དགོན་པ་ཕྱག་མ་བཏབ་བར་གསང་བ་བྱེད་ཅེས་གསུངས་པར་བརྟེན་ནས་གསང་ཕུ་ཞེས་པ་མིང་ཐོགས་འདུག ཀུན་མཁྱེན་ཀློང་ཆེན་པ་གདན་ས་དེའི་ནང་ནས་ཐོན་པ་ཆགས་བསྡད་ཡོད། དེ་བཞིན་ས་སྐྱ་པཎྜི་ཏ་དང་། རྗེ་ཙོང་ཁ་པ་ལ་སོགས་པ་མཁས་པ་བསམ་གྱིས་མ་ཁྱབ་པ་མང་པོ་ཞིག་གདན་ས་དེ་ནས་ཐོན་ཡོད་པ་རེད། དཔལ་སྤྲུལ་རིན་པོ་ཆེས་བསྟོད་པ་ཆེན་པོ་ཞིག་ཕུལ་ཡོད་རེད། ལྔ་རིགས་ཉིན་བྱེད་སྨྲ་བ་ས་པཎ་རྗེ། །མདོ་སྔགས་བསྟན་པའི་འབྱུང་གནས་ཙོང་ཁ་པ། །ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་ཞབས། ཅེས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དང་། ས་སྐྱ་པཎྜི་ཏ། རྗེ་ཙོང་ཁ་པ་བཅས་གསུམ་ལ་གངས་ཅན་འཇམ་དབྱངས་རྣམ་གསུམ་ཞེས་བསྟོད་པ་ཆེན་པོ་ཕུལ་ཡོད་རེད། ཁོང་རྣམ་པ་གསུམ་གྱི་གཙོ་འདོན་བྱེད་སྟངས་དེ་ཏོག་ཙམ་མི་འདྲ་བ་ཡོད་རེད། ཀློང་ཆེན་པས་གཙོ་བོ་སྔ་འགྱུར་གྱི་ལྟ་གྲུབ་དང་། དེའི་ནང་ནས་རྫོགས་ཆེན་གྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མཛོད་བདུན་དང་། རང་གྲོལ་སྐོར་གསུམ། ངལ་གསོ་སྐོར་གསུམ་སོགས་ཀྱི་ཕྱག་དཔེ་ང་ཚོས་མཇལ་རྒྱུ་ཡོད་པ་དང་། ས་པཎ་ནི་རིག་པའི་གནས་ལྔ་ལ་མཁས་པ་ཡིན་པ་གང་ཞིག་ལ་ཚད་མ་ལ་གཙོ་འདོན་གནང་སྟེ་ཚད་མ་རིགས་གཏེར་ལྗགས་རྩོམ་མཛད་པ། སྐབས་དེ་དུས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བོད་ལ་ཕེབས་ནས་ཚད་མ་རིགས་གཏེར་ལེགས་སྦྱར་སྐད་ལ་བསྒྱུར་ཞེས་གསུངས་འདུག རྒྱ་ཆོས་བོད་སྐད་ལ་འགྱུར་བ་ཡོད་རེད། བོད་ཆོས་རྒྱ་ལ་འགྱུར་བ་ཐོག་མ་དེ་རེད་ཅེས་བསྔགས་བརྗོད་མཛད་འདུག རྗེ་ཙོང་ཁ་བ་ལྟ་བུར་ཆ་བཞག་ན། གཞུང་ཆེན་བཀའ་པོད་ལྔ་ལ་མཁས་པར་གྲགས་ཤིང་། དམིགས་བསལ་དབུ་མའི་ཐོག་ལ་གཙོ་འདོན་གནང་ནས་དེ་ནས་རྣམ་དཔྱོད་ཤུགས་ཆེ་ཡོང་བསྡད་འདུག གཙོ་བོ་ཞུ་རྒྱུ་དེ་མི་ཕམ་རིན་པོ་ཆེ་ཡིས་ཁུངས་གཏུགས་ས་གཅིག་དེ་ཀློང་ཆེན་པ་ཆགས་བསྡད་ཡོད་རེད། དྲི་བ་གཉིས་པ་ཉན་རང་བདག་མེད་གཉིས་རྟོགས་སམ། །ཅེས་དང་། དྲི་བ་བདུན་པ་དབུ་མ་ཁས་ལེན་ཡོད་དང་མེད། ཅེས་མི་ཕམ་རིན་པོ་ཆེས་ཀློང་ཆེན་པའི་མཚན་དྲངས་ནས་འགྲེལ་བཤད་གནང་ཡོད་རེད།

དེ་རིང་དུས་ཚོད་གཅིག་དེ། ཀུན་མཁྱེན་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད་དུས་དྲན་ཁེལ་བསྡད་ཡོད་རེད། རྩ་བའི་ཁོང་གི་རྣམ་ཐར་ནང་གསལ་ཡོད་རེད། ཡི་གེ་འབྲི་ཀློག་ནས་བཟུང་སྟེ་བཀའ་འགྱུར། བསྟན་འགྱུར། རིག་འཛིན་བརྒྱུད་པའི་གཞུང་དེ་ཚོར་སྤྲོ་བ་རྒྱུན་མི་ཆད་པའི་ཐོག་ནས་ཉིན་སྣང་བ་དང་མཚན་སྒྲོན་མེ་ལ་བསྟེན་ནས་སྤྲོ་བ་རྒྱུན་མི་ཆད་པས་དཔེ་གཟིགས་གནང་བ་ལས། དེང་སང་ཞོགས་པ་དགེ་རྒན་གྱིས་དཔེ་ཁྲིད་དང་། ཉིན་གུང་སྐྱོར་དཔོན་གྱིས་དཔེ་ཁྲིད་གནང་བ་ལྟ་བུ་ཁོང་གིས་དེ་འདྲའི་དགེ་རྒན་བསྟེན་མྱོང་མེད་ཅིང་། ཡིན་ནའང་ཁོང་དཔལ་གྱི་བསམ་ཡས་མཆིམས་ཕུར་སྒྲུབ་པ་བཞུགས་སྐབས་སུ་ཀུན་མཁྱེན་ཀློང་ཆེན་པས་ཡེ་ཤེས་ཀྱི་སྐུའི་རྗེས་སུ་བཟུང་བ་ཚར་གསུམ་བྱུང་འདུག དེའི་ཐོག་ནས་དམིགས་བསལ་རྫོགས་ཆེན་གྱི་གཞུང་ལུགས་ལ་མཁྱེན་རྟོགས་ཆེན་པོ་ཆགས་འདུག དོན་ལ་ངེས་པའི་གདེང་རྙེད་ན། ཐུགས་ནི་ཆོས་དར་འབུམ་ཕྲག་བརྡོལ། །གསུངས་པ་བཞིན་བཀའ་དྲིན་ཆེན་པོ་ཆགས་བསྡད་འདུག གཞན་བཀའ་དྲིན་གཅིག་དེ། སྐབས་དེ་དུས་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་དཔེ་འཚོལ་བསྡུ་དང་འབྲི་བཞེངས་གནང་འདུག དེ་རྗེས་སྡེ་དགེའི་རྒྱལ་པོ་ཡུམ་སྲས་དང་འབྲེལ་བ་གནང་ནས་ད་ལྟ་རྒྱུད་འབུམ་རིན་པོ་ཆེ་དཔེ་མ་འདྲ་བ་ཁག་ཅིག་ཡོད་རེད། ད་ལྟ་ང་ཚོར་པར་ཤིང་ཡོད་མཁན་རྒྱུད་འབུམ་སྡེ་དགེའི་དེ་གཅིག་པུ་རེད། དེ་མ་ཡིན་པའི་བྲིས་མ་གཞན་བཅུ་གསུམ་བཅུ་བཞི་ཙམ་ཞིག་འདུག དེ་རིང་དུས་དྲན་དེ་ཀུན་མཁྱེན་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད་དང་འབྲེལ་བ་ཡོད་དུས་ཁོང་ཡང་བཀའ་དྲིན་ཆེན་པོ་ཆགས་བསྡད་ཡོད་རེད། མདོར་ན་ངས་ཞུ་རྒྱུ་དེ། སྔ་འགྱུར་བའི་སྐྱེས་ཆེན་རྣམ་པས་དེ་འདྲ་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས། སྔོན་བྱོན་སྟོན་པའི་རྣམ་ཐར། །རྗེས་འཇུག་གདུལ་བྱའི་ཉམས་ལེན། ཞེས་སོ་སོའི་ངོས་ནས་དེར་ངེས་པ་རྙེད་ཐུབ་པ་དང་། ཞབས་རྗེས་ཟིན་ཐུབ་པ་ཞིག་གནང་བ་ཡིན་ན་ཏན་ཏན་ང་ཚོས་རྗེས་ཟིན་གྱི་ཡོད་རེད། དཔེར་ན། ཀློང་ཆེན་པ་དང་། རིག་འཛིན་འཇིགས་མེད་གླིང་པའི་བར་ལ་ལོ་བཞི་བརྒྱ་ལྷག་གི་བར་ཐག་ཡོད་རེད། ཡིན་ནའང་རིག་འཛིན་འཇིགས་མེད་གླིང་པས་ཐུགས་མོས་པ་ཆེན་པོས་གསོལ་འདེབས་འབད་བརྩོན་གནང་བར་བརྟེན་ནས་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ནས་རྫོགས་ཆེན་གྱི་གཞུང་ལུགས་ལ་འཆད་རྩོམ་དགོས་པའི་གནང་བ་ཐོབ་ཡོད་རེད། དེ་བཞིན་མི་ཕམ་རིན་པོ་ཆེ་ལྟ་བུར་ཆ་བཞག་ན། ང་ཚོའི་དབར་མི་ཐོག་གཅིག་ལས་འགྲོ་ཡི་ཡོད་མ་རེད། ཧ་ཅང་ཉེ་པོ་རེད། ཁོང་རྣམ་པས་དཀའ་ལས་བརྒྱབ་པའི་འབྲས་བུ་དེ་ཚོ་ང་ཚོས་དངོས་སུ་མཇལ་རྒྱུ་ཡོད་དུས། རྣམ་པ་ཚོས་མ་འོངས་པར་དེ་འདྲའི་ཐོག་ནས་ཐུགས་ཁུར་དང་འབད་བརྩོན་གནང་བ་ཡིན་ན་གྲུབ་འབྲས་ཡོང་གི་རེད་བསམ་གྱི་འདུག སློབ་དཔོན་དབྱིག་གཉེན་གྱིས་གསུངས་པ་ལྟར་རེད། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་ནས་ཐོས་པ་དང་། བསམ་པ། སྒོམ་པ་བྱེད་དགོས་པ། སྒོམ་པ་ལ་ནི་རབ་ཏུ་སྦྱོར་ཞེས་པ་དེར་འབད་བརྩོན་ཤུགས་ཆེ་རུ་བྱེད་དགོས་པའི་དོན་ཡིན། གཞན་ཡང་ཡོངས་གྲགས་སུ། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་བྱེད་པ་ལ་གཙུག་ལག་ཁང་བཞེངས་པ་དང་། སྐུ་བརྙན་བཞེངས་པ་སོགས་བསྟན་པའི་སྣང་བ་འདྲེན་རྒྱུར་གལ་ཆེན་པོ་རེད་དེ། དེའི་ནང་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུར། མཚམས་བསྙེན་སྒྲུབ་བྱས་ནས་རྒྱུད་འཛིན་བྱ་རྒྱུ་དང་། ཡང་ན་འཆད་ཉན་བྱས་ནས་རྒྱུད་འཛིན་བྱ་རྒྱུ་མ་གཏོགས་ལམ་ཁ་གསུམ་པ་ཞིག་ཡོད་མ་རེད། ང་ཚོས་དུས་རྒྱུན་དུ་བསྟན་རྒྱས་སྨོན་ལམ་འདོན་གྱི་ཡོད་རེད། བསྟན་རྒྱས་སྨོན་ལམ་འདོན་པ་ཙམ་གྱིས་ཡོང་གི་མི་འདུག གནའ་སྔ་མོ་ཡིན་ན། བོད་དང་སོག་པོ། རྒྱ་ནག ཧི་མ་ལ་ཡ་ཁུལ་ཙམ་དང་། དེང་སང་ཡིན་ན་འཛམ་གླིང་ཡོངས་ནས་ནང་ཆོས་ཐོག་དམིགས་བསལ་གྱིས་དོ་སྣང་ཤུགས་ཆེན་པོ་སླེབས་བསྡད་འདུག གཞུང་ཆེན་བཅུ་གསུམ་དང་། ཡང་ན་ཀ་པོད་ལྔའི་ཐོག་ཐོས་བསམ་སློབ་གཉེར་བྱས་ནས་འགྲེལ་བཤད་དཔྱིས་ཕྱིན་པ་རྒྱག་ཐུབ་དགོས་རེད། དཔེར་ན་ང་ཚོར་ཁ་ལག་བཟོ་རྒྱུའི་མཐུན་རྐྱེན་ཆ་ཚང་ཡོད་ནའང་། བཟོ་མཁན་མ་བྱན་གྱི་ལག་རྩལ་ཐོག་ནས་ཁ་ལག་ལ་དྲོ་བ་དང་ཞིམ་ལས་མི་འདྲ་བ་ཡོང་གི་འདུག དེ་ལྟར་གཅིག་པ་ཆགས་བསྡད་ཡོད་རེད། གཞུང་ཆེན་ཁག་ལ་སློབ་གཉེར་བྱས་ནས་སོ་སོས་དྲོ་བ་མྱངས་ནས་མི་གཞན་ལ་སློབ་སྟོན་བྱེད་ཐུབ་པ། དེ་ཚོའི་གྲས་གོམས་འདྲིས་མ་བྱས་པ་ཡིན་ན། ཡོང་མ་ཐུབ་པའི་གནས་སྟངས་ཆགས་ཡོད་རེད། གོམས་འདྲིས་བྱས་པ་ཡིན་ན། ཡོང་ཐུབ་ཀྱི་ཡོད་པ་གསལ་པོ་རེད། སྤྱོད་འཇུག་ནང་ལོགས་ལ། གོམས་ན་སླ་བར་མི་གྱུར་ཞིང་། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་རེད། དེང་དུས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་དོ་སྣང་ཤུགས་ཆེན་པོ་ཆགས་བསྡད་དུས། རྣམ་པ་ཚོས་འབད་བརྩོན་གང་ཐུབ་ཞུ་དགོས་ཀྱི་རེད། རྙིང་མ་ལྟ་བུར་ཆ་བཞག་ན། རྣམ་གྲོལ་གླིང་གི་བཤད་གྲྭ་དེ་རྒྱ་ཆེ་ཤོས་དང་ཁྱབ་ཆེ་ཤོས་ཆགས་བསྡད་ཡོད་རེད། དེའི་ཐོག་ནས་དམིགས་བསལ་གྱིས་ཞབས་ཏོག་ཞུ་མ་ཐུབ་པ་ཡིན་ན་དེ་ལས་གཞན་པའི་ང་ཚོས་ཇི་ཙམ་རེ་བ་རྒྱག་ས་ཡོད་མེད་དྲི་བ་རེད། གཙོ་བོ་༧སྐྱབས་རྗེ་རིན་པོ་ཆེའི་དགོངས་གཞི་རེད། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་དང་། དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ་རིན་པོ་ཆེ་ནས་བཟུང་སྔ་འགྱུར་སྐྱེས་ཆེན་མང་པོ་ཞིག་གིས་བཤད་གྲྭ་འདི་ལ་ཐུགས་སྨོན་གནང་ནས་དམིགས་བསལ་གྱིས་མ་འོངས་པའི་དུས་ཚོད་ཐུང་ཐུང་ནང་བསྟན་པ་སྤྱི་དང་། བྱེ་བྲག་ལ་ཕན་ཐོགས་ཐུབ་རྒྱུའི་བདེན་ཚིགས་སྨོན་ལམ་ཡོད་རེད། ང་ཚོས་སེམས་ལ་ཉར་གྱི་ཡོད་རྣམ་པ་ཚོས་སེམས་ལ་ཉར་བའི་ཐོག་ནས་བསྟན་པ་སྤྱི་དང་། བྱེ་བྲག་ལ་འགན་ཁུར་བཞེས་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག དེ་ཙམ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམ་པ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་མཐའ་དག་འགྲུབ་པ་དང་། རྣམ་གྲོལ་གླིང་གི་བཤད་གྲྭ་རེད། སྡེ་ཚན་ཁག་གི་འཆད་རྩོད་རྩོམ་གསུམ་རེད། ཐུགས་ལ་གང་ཡོད་པ་དེ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།

གཞན་ཡང་སྐབས་དེར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དབུ་འཛིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་བཀའ་སློབ་གསུང་བཤད་དང་།

སྔ་འགྱུར་མཐོ་སློབ་ཀྱི་ཚོགས་གཙོ་མཁན་པོ་པ་སངས་བསྟན་འཛིན་མཆོག་གིས་འཚམས་འདྲིའི་གསུང་བཤད་དང་འབྲེལ་སྔ་འགྱུར་ཐུན་མིན་ལྟ་གྲུབ་ཀྱི་བྱུང་རིམ་དང་དགོས་དམིགས་ཐོག་གསུང་བཤད། སྔ་འགྱུར་མཐོ་སློབ་ཀྱི་དྲུང་ཆེ་ནས་མཛད་རིམ་སྙན་སྒྲོན་དང་། ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་བསྒྲིལ་གནང་སོང་།

ཉིན་གཉིས་ཀྱི་བགྲོ་གླེང་ལས་རིམ་ནང་། སྣང་བ་ལྷར་སྒྲུབ་པའི་གནད་ལ་དཔྱད་པ་བློ་གསར་མགུལ་རྒྱན་དང་། གཞི་ལམ་འབྲས་བུའི་ཤན་འབྱེད་མདོ་སྔགས་ལྟ་བའི་མིག ཐོལ་བྱུང་ལྡོམ་བུ་བའི་དྲིས་ལན་གསལ་བའི་སྒྲོན་མེ། བདག་མེད་ལ་དཔྱད་པ་སེམས་ཀྱི་འཆར་སྒོ། ཆེན་པོ་གསུམ་གྱི་རྣམ་འབྱེད། དབུ་མའི་ལྟ་བ་རང་སྟོང་མེད་དགག་དང་གཞན་སྟོང་མ་ཡིན་དགག་གང་ཡིན་ལ་དཔྱད་པ། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་དབུ་ནས་ཞབས་སུ་བསྡུས་པའི་བསྡུས་དོན་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་འདུག

སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་དེ་བཞིན་ཀུན་མཁྱེན་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད་དུས་དྲན་ཁྱད་པར་ཅན་ཉིན། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་མཁན་རིན་པོ་ཆེ་པདྨ་ཤེས་རབ་མཆོག་གི་བཀའ་དགོངས་བཞིན། སྔ་འགྱུར་རྙིང་མའི་མ་དགོན་དྲུག་གཙོས་པའི་རྙིང་མའི་དགོན་སྡེ་ཁག་གི་མཁས་དབང་རྣམས་ལྷན་འཛོམས་ཀྱིས་ཀུན་མཁྱེན་རྣམ་བཞིའི་དགོངས་གཞི་གཙོ་བོར་བཟུང་བའི་ཐོག རྒྱ་བོད་མཁས་པའི་གཞུང་ཆེན་ཁག་ལ་ནང་ཕན་ཚུན་གོ་བསྡུར་ལྷུག་པོ་ཡོང་བའི་ཆེད། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གིས་ལོ་ལྟར་གོ་སྒྲིག་ཞུ་བཞིན་ཡོད་འདུག

དེ་རྗེས་རྣམ་གླིང་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་སློབ་ཕྲུག་རྣམས་ནས་རི་མོའི་འགྲན་བསྡུར་ནང་ཞུགས་མཁན་སློབ་ཕྲུག་རྩེ་ཕུད་རྣམས་དང་། སློབ་གྲྭའི་ཚོགས་གཙོ་དང་ཚོགས་གཞོན་བཅས་ལྷན་སྒྱུ་རྩལ་རི་མོ་བྲིས་པ་རྣམས་མཇལ་ཞིང་སློབ་ཕྲུག་རྣམས་ལ་ལེགས་སོའི་ཁ་དར་སྒྲོན་འབུལ་གནང་ཡོད་པ་བཅས།




