![]()
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ ཚེས་ ༢༢ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ལྕམ་སྐུ་ས་ན་ཨེ་ ཏ་ཀ་ཨི་ཆི་ (Sanae Takaichi) མཆོག་ཉི་འོང་གི་སྲིད་བློན་དུ་གསར་དུ་བདམས་ཐོན་གྱིས་ཉི་འོང་ལོ་རྒྱུས་ནང་བུད་མེད་སྲིད་བློན་ཐོག་མ་དེ་ཆགས་པར་འཚམས་འདྲི་ཞུས་གནང་འདུག
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། བོད་དང་། ཉི་འོང་དབར་ཐུན་མོང་ནང་ཆོས་དང་འབྲེལ་བའི་རིག་གཞུང་དང་། ཕན་ཚུན་གུས་བརྩི་བཅས་གཞི་རྩར་བཟུང་བའི་ཐོག་ནས་ད་བར་ལོ་རྒྱུས་དང་། རིག་གཞུང་། ཆོས་ཕྱོགས་བཅས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པ་དང་། ལྷག་པར་དུ་འདས་པའི་ལོ་ངོ་བཅུ་ཕྲག་དུ་མའི་རིང་ཉི་འོང་རྒྱལ་ཁབ་ནི་བོད་ཀྱི་བདེན་པའི་རྩ་དོན་ཐོག་གཡོ་བ་མེད་པར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན། དེ་ལྟར་ཉི་འོང་གཞུང་མང་གཉིས་ནས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་བ་དེ་ང་ཚོར་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཆགས་ཡོད།
ལྕམ་སྐུ་མཆོག་ཉི་འོང་གི་སྲིད་བློན་དུ་བདམས་ཐོན་བྱུང་བ་དེས། ཉི་འོང་མི་མང་དང་། སྐུ་ཉིད་ཀྱི་སྲིད་དོན་ཚོགས་པས་ཡིད་ཆེས་གདེང་འཇོག་ཆེན་པོ་གནང་གི་ཡོད་མཚོན་ཐུབ། དུས་ཡུན་རིང་པོ་ནས་བཟུང་ཉི་འོང་རྒྱལ་ཁབ་ནི་རྒྱལ་སྤྱིའི་ནང་མང་གཙོ་དང་། ཞི་བདེ། གསར་གཏོད་ཐོག་ལ་མིག་དཔེ་བལྟ་ས་ཞིག་ཆགས་ཡོད། སྐུ་ཉིད་ཀྱི་དབུ་ཁྲིད་འོག ཉི་འོང་རྒྱལ་ཁབ་མུ་མཐུད་འཕེལ་རྒྱས་ཡོང་བ་དང་། དེ་བཞིན་ས་ཁུལ་བརྟན་བརླིང་དང་། རྒྱལ་སྤྱིའི་མཉམ་འབྲེལ་ཐོག་ནུས་པ་ཆེན་པོ་འདོན་ཐུབ་པའི་ཡིད་ཆེས་ཡོད།
སྐུ་ཉིད་ཀྱི་ལས་ཡུན་རིང་ལས་དོན་མཐའ་དག་ལེགས་པར་གྲུབ་སྟེ། ཉི་འོང་མི་མང་གི་འདོད་དོན་ཡོངས་སུ་འགྲུབ་ཐུབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས།