བོད་མི་མང་སྤྱི་འཐུས་རྒྱུན་ལས་འཕོ་ལེན་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༠ པའི་ཚེས་ ༩ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལོ་དུས་ལྔ་པའི་སྐབས་སྤྱི་འཐུས་རྒྱུན་ལས་གཉིས་གསར་དུ་ཕེབས་པ་ལས་གཞན་རྣམས་རང་འཇགས་བཞུགས་ཡོད་ཅིང་། དེ་ཡང་བོད་མི་མང་མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། བོད་མི་མང་མདོ་སྨད་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་རྣམ་གཉིས་རྒྱུན་ལས་ལ་གསར་དུ་ཕེབས་གནང་ཡོད།

དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུངས་དོན། ད་རེས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལོ་དུས་ལྔ་པ་ཆགས་བསྡད་ཡོད་པ་དང་། ལོ་དུས་འདིར་རྒྱུན་ལས་ལ་གསར་དུ་ཕེབས་མཁན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་རྣམ་གཉིས་ལ་ཐོག་མར་ཚོགས་གཙོ་སྦྲེལ་པོའི་ངོས་ནས་འཚམས་འདྲི་ཞུ་རྒྱུ་ཡིན། ང་ཚོ་རྒྱུན་ལས་ཀྱི་ལོ་དུས་མཐའ་མ་ཆགས་བསྡད་ཀྱི་ཡོད་རེད། རྩ་བའི་ལས་དོན་བྱེད་ཕྱོགས་ཐོག་ཚང་མ་རྒྱུས་ཡོད་ཆགས་བསྡད་ཡོད་རེད། དེ་ཡང་བོད་མིའི་སྒྲིག་འཛུགས་དང་། བོད་སྤྱི་པའི་དོན་དུ་ཚང་མས་མུ་མཐུད་ལྷག་བསམ་རྣམ་དག་གི་ཐོག་ནས་ནུས་པ་གཅིག་སྒྲིལ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། རྣམ་པ་གཉིས་ཀྱིས་རྒྱུན་ལས་ཀྱི་ལས་དོན་ཐོག་ལ་རྒྱུས་མངའ་ཆགས་ཡོད་དུས་དམིགས་བསལ་ཞུ་རྒྱུ་མིན་འདུག་ཅེས་གསུངས་པ་དང་། དེ་རྗེས་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༩ ནས་ ༢༠༢༦ ཟླ་ ༥ ཚེས་ ༣༡ བར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ལོ་དུས་ལྔ་པའི་ནང་སྡེ་ཚན་དང་། སྤྱི་འཐུས་མི་འགྲོ་ཆ་བགོས་ཞུས་པ་སྙན་སྒྲོན་གནང་སོང་།

དེ་ཡང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་དྲུག་པ། རྒྱུན་ལས་ཀྱི་སྡེ་ཚན་ཞེས་པའི་འོག་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༩ ནས་ ༢༠༢༦ ཟླ་ ༥ ཚེས་ ༣༡ བར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ལོ་དུས་ལྔ་པའི་ནང་སྡེ་ཚན་གསུམ་ལ་སྤྱི་འཐུས་མི་འགྲོ་ཆ་བགོས་གནང་བར། རྒྱུན་འབྲེལ་སྡེ་ཚན་དུ་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག ཆབ་སྲིད་སྡེ་ཚན་དུ་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག དེ་བཞིན་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་དུ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་བཅས་ལ་ཐུགས་གཏན་ཁེལ་གནང་ཡོད་པ་བཅས།