ཨ་རིའི་མེ་ས་ཆུ་སེཊ་མངའ་སྡེའི་གྲོང་ཁྱེར་ནོར་ཐེ་ཧམ་ཊོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡེ་ཤུའི་བླ་ཆེན་ཊུ་ཊུ་རྣམ་གཉིས་ཀྱི་མཛའ་འབྲེལ་སྐོར་གྱི་གློག་བརྙན་གཟིགས་འབུལ་ཞུས་ཏེ་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་པ།


༄༅། ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་དང་བསྟུན། འདི་ལོ་བྱམས་བརྩེའི་ལོར་སྲུང་བརྩི་ཞུས་དང་ཞུ་བཞིན་པའི་ལས་རིམ་གྱི་ཆ་ཤས་སུ། ཨ་རིའི་མེ་ས་ཆུ་སེཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༥ ཟླ་ ༡༠ པའི་ཚེས་ ༤ ཉིན་ཨ་རིའི་མེ་ས་ཆུ་སེཊ་ (Massachusetts) མངའ་སྡེའི་གྲོང་ཁྱེར་ནོར་ཐེ་ཧམ་ཊོན་(Northampton) གྱི་རོལ་དབྱངས་རིག་གནས་སློབ་ཁང་ (Academy of Music Theatre) དུ་དཀའ་རྙོག་ཆེ་བའི་དུས་སྐབས་སུ་བདེ་སྐྱིད་འཚོལ་བ་ (Mission Joy – Finding Happiness in Troubled Times) ཞེས་པའི་དངོས་བྱུང་གློག་བརྙན་དེ་བཞིན་གཟིགས་འབུལ་ཞུས་གནང་འདུག

སྐབས་དེའི་གློག་བརྙན་གཟིགས་འབུལ་གྱི་དུས་སྟོན་ཐོག ས་གནས་ཀྱི་གནད་ཡོད་དཔོན་རིགས་དང་ཡུལ་མི། ས་གནས་བོད་རིགས་མང་ཚོགས། མེ་ས་ཆུ་སེཊ་གཙུག་ལག་སློབ་ཆེན་ (University of Massachusetts) དང་། ཨེམ་ཧེ་སི་མཐོ་སློབ། (Amherst College) སེ་མི་ཐི་མཐོ་སློབ་ (Smith College) བཅས་ཉེ་འཁོར་གཙུག་ལག་སློབ་ཆེན་ཁག་གསུམ་གྱི་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༥༠༠ ལྷག་འདུ་འཛོམས་ཀྱིས་དུས་སྟོན་སྲུང་བརྩི་ཞུས་གནང་ཡོད་འདུག
གློག་བརྙན་གཟིགས་འབུལ་གྱི་དུས་སྟོན་སྲུང་བརྩི་ཞུ་དགོས་པའི་དམིགས་ཡུལ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཡེ་ཤུའི་བླ་ཆེན་ཊུ་ཊུ་མཆོག་རྣམ་གཉིས་ཀྱི་མཛའ་འབྲེལ་སྐོར་གྱི་གློག་བརྙན་འདི་བརྒྱུད། མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ཞི་བདེ་དང་། བྱམས་བརྩེ། འཇིག་རྟེན་ཀུན་ཁྱབ་འགན་ཁུར་བཅས་ཀྱི་ཐོག་བསྩལ་བའི་བསླབ་བྱ་རྣམས་ཁྱབ་སྤེལ་བྱ་རྒྱུ་ཡིན་འདུག

དུས་སྟོན་གྱི་སྐུ་མགྲོན་གཙོ་བོ་ནོར་ཐེ་ཧམ་ཊེན་ (Northampton) གྲོང་ཁྱེར་གྱི་སྤྱི་ཁྱབ་ཇི་ན་ ལའོ་སེ་ ཤ་ར་ (Gina-Louise Sciarra) མཆོག་ནས། ས་གནས་བོད་མི་རྣམས་ཀྱིས་བྱམས་བརྩེ་དང་། ཕན་ཚུན་བསམ་ཤེས་བྱ་རྒྱུ་སོགས་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་ཁྱབ་སྤེལ་གནང་བཞིན་པར་ཡི་རངས་བསྔགས་བརྗོད་གནང་ཡོད་འདུག
ཆེ་བསྟོད་སྐུ་མགྲོན་བྱང་ཨ་རིའི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དོན་གྲུབ་ཚེ་རིང་མཆོག་གིས་དུས་སྟོན་དང་འབྲེལ་བའི་གསུང་ཤད་གནང་དོན་གཙོ་བོ། ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ནང་༧སྐུའི་གོ་སྟོན་དང་བསྟུན། བོད་མིའི་སྒྲིག་འཛུགས་ནས་ལོ་འཁོར་མོར་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་གལ་གནད་དང་། ཉེ་ཆར་མེ་ས་ཆུ་སེཊ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་༧སྐུའི་གོ་སྟོན་སྲུང་བརྩིའི་མཛད་སྒོ་ཐོག མངའ་སྡེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་མི་གྲངས་ ༩༠ ཡིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་རྗེས་ལ་ཆེ་བསྟོད་ཀྱི་གྲོས་ཆོད་ཅིག་ལ་མཚན་རྟགས་བཀོད་ཐུབ་ཡོད་སྐོར། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཡེ་ཤུའི་བླ་ཆེན་ཊུ་ཊུ་མཆོག་རྣམ་གཉིས་ཀྱི་མཛའ་འབྲེལ་སྐོར་གྱི་གློག་བརྙན་དེ་བརྒྱུད་འཛམ་གླིང་ཞི་བདེ་ཡོང་ཐབས་སུ་བདེ་སྐྱིད་དང་། བྱམས་བརྩེ་ནི་མེད་དུ་མི་རུང་བ་ཡིན་པའི་བསླབ་བྱ་གསལ་སྟོན་བྱེད་ཀྱི་ཡོད་སྐོར་གསུངས་འདུགདངོས་བྱུང་གློག་བརྙན་དེ་བཞིན་གློག་བརྙན་བྱ་དགའ་ (Academy Award) ཞེས་པ་བཞེས་མྱོང་མཁན་འཁྲབ་ཁྲིད་པ་ལོ་ཨི་ སི་ཧོ་ཡོ་སི་ (Louie Psihoyos) ལགས་དང་། འཁྲབ་ཁྲིད་ལས་རོགས་པེ་གྷེ་ ཁལ་ཧན་(Peggy Callahan) ལགས་རྣམ་གཉིས་ཀྱིས་འཁྲབ་ཁྲིད་གནང་བ་ཞིག་རེད་འདུག

འདི་ལོ་བྱམས་བརྩེའི་ལོ་སྲུང་བརྩི་དང་འབྲེལ། མེ་ས་ཆུ་སེཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་མུ་མཐུད་པར་རིགས་འགྲེམས་སྟོན་དང་། མང་ཚོགས་བགྲོ་གླེང་། གཞོན་སྐྱེས་དང་འབྲེལ་བའི་ལས་གཞི་ཁག་ཅིག་སྤེལ་འཆར་ཡོད་འདུག་པ་བཅས།