བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་རྣམ་གཉིས་ནས་ལ་དྭགས་བྱང་ཐང་མ་ཁྱུ་དང་། ཅུ་མུར། སུམ་མདོ། ས་སྨད་བཅས་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བ།

༄༅། །ཕྱི་ལོ ༢༠༢༥ ཟླ་ ༩ པའི་ཚེས་ ༣༠ ནས་ཟླ་ ༡༠ ཚེས་ ༡ བར་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་རྣམ་གཉིས་ནས་ལ་དྭགས་བྱང་ཐང་མ་ཁྱུ་དང་། ཅུ་མུར། སུམ་མདོ། ས་སྨད་བཅས་ཀྱི་ས་གནས་སུ་གནས་སྡོད་བོད་མི་རྣམས་སོ་སོར་ཐུག་འཕྲད་ཀྱིས་གསུང་བཤད་དང་། མང་ཚོགས་ཀྱི་བདེ་སྡུག་གསན་ཞིབ། སློབ་གྲྭར་གཟིགས་སྐོར་དང་། གཞིས་དགོན་ཁག་ལ་མཆོད་མཇལ། ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་དང་ལྷན་ཚོགས་འདུ་ཚོགས་པ། ལྕོག་ལམ་སར་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམ་པ་ཐུག་འཕྲད་བཅས་གནང་འདུག

དེ་ཡང་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨།༠༠ པའི་ཐོག་ཧང་ལེ་བོད་མིའི་གྲོང་ཚོ་ནས་གདོང་རྩེ་ལ་བརྒྱུད་དེ་མ་ཁྱུ་བོད་མིའི་འབྲོག་སྡེ་རུ་ཕེབས་ཐོན་གྱིས་སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་ཕེབས་འབྱོར་སྐབས། ས་གནས་བོད་མི་ཚོས་ཕེབས་བསུ་སྣེ་ལེན་ཞུས་རྗེས། ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་དང་ལྷན་འཛོམས་ཀྱིས་སགནས་བོད་མིའི་འཚོ་བའི་དཀའ་ངལ་ཇི་ཡོད་ཐོག་བཀའ་བསྡུར་ལྷུག་པོ་གནང་བ་དང་།

དེ་རྗེས་ཆུ་ཚོད་ ༡༢།༣༠ ཐོག་མ་ཁྱུ་འབྲོག་སྡེ་ནས་ཕེབས་ཐོན་གྱིས་རི་འགོ་དང་། ལོ་མ། གྱ་གར་ལ། གྱ་གར་མཚོ། དཀོར་མཛོད། ཁྲ་ཚང་མཚོ་བཅས་བརྒྱུད་དེ། ཕྱི་དྲོ་ཆུ་ཚོད་ ༤།༠༠ ཙམ་ལ་ཅུ་མུར་འབྲོག་སྡེར་ཕེབས་འབྱོར་སྐབས། ས་གནས་བོད་མི་ཚོས་ཕེབས་བསུ་སྣེ་ལེན་ཞུས་འདུག

དེ་ནས་ས་གནས་ཀྱི་འགོ་པས་གཙོས་འབྲོག་པ་ཁག་ཅིག་དང་ལྷན་དུ་འབྲོག་པའི་འཚོ་བའི་གནས་སྟངས་རྒྱུས་ལོན་དང་ཕན་ཚུན་དྲི་བ་དྲིས་ལན་གནང་རྗེས། དགོང་དྲོ་ཆུ་ཚོད་ ༥།༢༠ ཐོག་སུམ་མདོ་གཞིས་གྲོང་ལ་ཕེབས་ཐོན་གྱིས། ཆུ་ཚོད་ ༦།༣༠ ཐོག་ས་གནས་སུ་ཕེབས་འབྱོར་སྐབས། ས་གནས་བོད་མི་ཚོས་སྣེ་ལེན་དང་གསོལ་ཇ་བཞེས་ཏོག་སོགས་གོ་སྒྲིག་དང་། མི་མང་ལྷན་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་འཐུས་ཚང་གནང་ཡོད་འདུག རྩ་བའི་ས་གནས་དེར་གྲོང་ཚོ་ ༦༠ དང་། མི་གྲངས་ ༤༠༠ ལྷག་ཙམ་ཡོད་ཚུལ་འགོ་པས་གསུངས་འདུག

ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ཞོགས་པ་ཆུ་ཚོད་ ༨།༣༠ ཐོག་སྤྱི་འཐུས་རྣམ་པ་གཉིས་ས་གནས་སུམ་མདོའི་བོད་ཁྱིམ་སློབ་གྲྭའི་སྒོ་ཆེན་ལ་ཕེབས་འབྱོར་སྐབས། སློབ་གྲྭའི་འགན་འཛིན་དང་དགེ་རྒན་རྣམ་པ། དེ་བཞིན་སློབ་མ་ཚོས་ཕྱག་ཏུ་མཇལ་དར་བསྣམས་ཏེ་སློབ་གྲྭའི་སྒོ་ཆེན་ནས་བང་སྒྲིག་ཏེ་དགའ་བསུའི་གླུ་དབྱངས་བཏང་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། དེ་ནས་འཛིན་ཁང་དང་། དཔེ་མཛོད། མཛོད་ཁང་དང་ཉལ་ཁང་། ཐབ་ཚང་སོགས་ལ་གཟིགས་སྐོར་དང་།

དགེ་རྒན་རྣམས་དང་ལྷན་དུ་ཆུ་ཚོད་ཕྱེད་ཙམ་རིང་དུ་གསོལ་ཇ་བཞེས་ཏོག་མཆོད་ཞོར། སློབ་གྲྭའི་འགན་འཛིན་གྱིས་སློབ་གྲྭའི་གནས་སྟངས་སྐོར་ངོ་སྤྲོད་གནང་སོང་། སློབ་གྲྭར་དགེ་རྒན་ལྔ་དང་ལས་བྱེད་གསུམ། སྔོན་འགྲོ་དང་པོ་ནས་འཛིན་གྲྭ་གསུམ་བར་སློབ་མ་ཁྱོན་བསྡོམས་ ༦༣ ལས་སློབ་མ་ ༡༢ ཙམ་ཡུལ་མིའི་ཕྲུ་གུ་རེད་འདུག

དེ་ནས་ས་གནས་ཀྱི་དགོན་པར་མཆོད་མཇལ་དང་། ཉམ་ཐག་ཁག་ཅིག་གི་ཁྱིམ་ཚང་ནང་གཟིགས་སྐོར་གནང་རྗེས། ཆུ་ཚོད་ ༡༠།༣༠ ཐོག་ས་སྨད་འབྲོག་སྡེ་ཕྱོགས་ལ་ཕེབས་ཐོན་གནང་ཞིང་། སྤོ་ལོ་ལ་དང་། མཚོ་དཀར།<ཚ་མཚོ།> ཐུགས་རྗེ་དགོན་པ་(ཡུལ་དགོན།) སོགས་བརྒྱུད་དེ། སྔ་དྲོ་ཆུ་ཚོད་ ༡༢།༠༠ ཐོག་ས་སྨད་འབྲོག་སྡེར་ཕེབས་འབྱོར་སྐབས། བོད་མིའི་འབྲོག་པ་ཚོས་ཕེབས་བསུ་གཟབ་རྒྱས་ཞུས་རྗེས། འགོ་པས་གཙོས་འབྲོག་མི་ཁག་ཅིག་དང་ལྷན་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་དྲི་བ་དྲིས་ལན་འཐུས་ཚང་གནང་འདུག

དེ་རྗེས་ས་སྨད་ནས་ཆུ་ཚོད་ ༢།༣༠ ཐོག་ལྕོག་ལམ་སར་ཕེབས་ཐོན་གནང་སྟེ། ལྟག་ལམ་ལ་དང་། མུ་རི། ཨོ་ཞིང་། མཁར་རོང་། རྟག་ནག ཁྲིར་རྩེ། ཤེལ་བཅས་ས་གནས་བརྒྱུད་དེ། བོད་མིའི་གཞིས་སྡོད་ལྕོག་ལམ་སར་ཆུ་ཚོད་ ༥།༠༠ པར་ཕེབས་འབྱོར་སྐབས།

 

ལྕོག་ལམ་སའི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་དང་དངུལ་གཉེར། རྩིས་པ་བཅས་རྒྱུན་ལས་ཁྱོན་མི་གྲངས་ལྔ་ནས་ཕེབས་བསུ་སྣེ་ལེན་དང་སྦྲགས་གསོལ་ཇ་བཞེས་ཏོག་གོ་སྒྲིག་ཞུས་པ་ལྟར། ལྷན་དུ་ཆུ་ཚོད་གཉིས་ཙམ་རིང་ས་གནས་ཀྱི་གནས་སྟངས་སོགས་ཕན་ཚུན་བཀའ་བསྡུར་གནང་ཡོད་འདུག

སྤྱིར་བཏང་ལ་དྭགས་བྱང་ཐང་ས་ཁག་དགུའི་འབྲོག་སྡེ་མི་མང་ནས་མགྲིན་དབྱངས་གཅིག་གྱུར་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ལ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པའི་བདག་རྐྱེན་ལས་ད་ལོར་ཆར་པ་ཧ་ཅང་ཡག་པོ་བབས་ནས་རྩྭ་ཆུ་ཡག་པོ་བྱུང་ཡོད་པའི་དགའ་ཚོར་ཆེན་པོ་བྱེད་བཞིན་འདུག་པ་དང་།

དེ་བཞིན་འབྲོག་སྡེ་ས་ཁག་དགུའི་མི་མང་ནས་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ་གཉིས་ལ་དགའ་བསུ་སྣེ་ལེན་དང་། ཕེབས་བསུ་ཕུན་སུམ་ཚོགས་པ་གནང་བ་བཅས་ཉིན་དེའི་ལས་རིམ་ཆ་ཚང་ལེགས་པར་གྲུབ་ཡོད་པ་བཅས།