སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བདུན་པའི་གནས་ཚུལ།


༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༩ པའི་ཚེས་ ༡༠ ནས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་དང་། ཕྱི་དྲོ་ཆུ་ཚོད་ ༣།༡༥ ཚོགས་ཐུན་བཞི་པ་ནས་བཟུང་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བདུན་པ་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཐོག་རྒྱ་གར་དབུས་སའི་གཞུང་དང་། དེ་བཞིན་དཔལ་ལྡན་དགའ་ལྡན་ཕོ་བྲང་དང་། བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ལས་ཡོངས་ནས་འགན་ཁུར་ཧུར་བཞེས་གནང་བར་བསྔགས་བརྗོད་དང་འབྲེལ་མུ་མཐུད་ཞུ་སྒོ་གང་ཅིར་འཐུས་ཚང་གནང་དགོས་སྐོར་དང་། རྒྱ་གར་ལྷོ་ཕྱོགས་ནང་གནས་སྡོད་བྱེད་མཁན་བོད་མི་རྣམས་ཀྱི་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་རྒྱུ་དང་། དེ་བཞིན་ཕྱིར་ཐོན་ཆོག་མཆན་ (Exit Permit) དང་། ཕྱིར་ལོག་ཐོངས་མཆན་ (Return Visa) ཞུ་རྒྱུ་བཅས་ཀྱི་དཀའ་ངལ་སྐོར། ཆབ་སྲིད་བཙོན་ཟུར་འབྲེལ་ཡོད་འབྲེལ་ཆགས་ངོས་འཛིན་གནང་སྟངས། བལ་ཡུལ་གནས་སྡོད་བོད་མི་རྣམས་ཀྱི་ཡིག་ཆའི་དཀའ་ངལ་སེལ་ཐབས། བོད་མིའི་སྒྲིག་འཛུགས་དཀའ་ངལ་གདོང་ལེན་ཛ་དྲག་ཚོགས་ཆུང་གི་ལས་དོན། གཞུང་འབྲེལ་མཛད་སྒོ་གོ་སྒྲིག་ཞུ་ཕྱོགས། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྐོར། བོད་ནང་གཉེན་འཕྲད་འགྲོ་བསྐྱོད་བྱ་རྒྱུའི་ལམ་སྟོན་སྐོར། ཆབ་སྲིད་བཙོན་ཟུར་གྱི་བརྙན་ལམ་ངག་རྒྱུན་ལོ་རྒྱུས་བླང་རྒྱུའི་ལས་གཞིར་བསྔགས་བརྗོད་དང་འབྲེལ་མུ་མཐུད་རྒྱུན་འཁྱོངས་གནང་དགོས་གལ་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་རྣམས་ལ་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

དེ་རྗེས། དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བ་དང་།

དེར་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་རྒྱབ་སྐྱོར་གནང་སྟེ། ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་འཛུགས་སོང་།

བགྲོ་གླེང་སྐབས་སྤྱི་འཐུས་རྣམ་པས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་ཐུབ་རྒྱུར་ལས་དོན་གང་གནང་མིན་དང་། ཨ་རི་མི་ནི་སོ་ཊའི་བོད་མིའི་གཞིས་གྲོང་ལས་གཞིའི་གནས་སྟངས་སྐོར། ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་གི་ནང་བོད་ཡིག་སློབ་འཁྲིད་བྱེད་ཕྱོགས། མཐོ་སློབ་ཁག་གི་བོད་ཕྲུག་རྣམས་ལ་དབུ་མའི་ལམ་གྱི་ཟབ་སྦྱོང་གནང་བའི་ཕན་ཐོགས་ཇི་བྱུང་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་རྣམས་ལ་དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།