བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མེངྒ་ལོར་དང་། སྦེང་ལོར་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བ།

༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ཚེས་ ༡༣ ནས་ ༡༥ བར་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མེངྒ་ལོར་ཁུལ་གྱི་བོད་པའི་སློབ་ཕྲུག་ཐུག་འཕྲད་དང་། དེ་བཞིན་སྦེང་ལོར་བོད་ཁྱིམ་ལས་ཁུངས་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ཁག་སོགས་ལ་གཟིགས་སྐོར་དང་། ཚོགས་སྡེ་ཁག་གི་སྐུ་ཚབ་དང་སློབ་ཕྲུག་མི་མང་རྣམས་ཐུག་འཕྲད་བཅས་གནང་སྟེ། ཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་འགོ་འཛུགས་གནང་ཡོད་པ་རེད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ལོ་༢༠༢༥ ཟླ་ ༧ པའི་ཚེས་ ༡༣ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མེངྒ་ལོར་ལ་ཕེབས་ཐོན་གྱིས་དེ་གའི་གནམ་ཐང་ལ་ཕེབས་འབྱོར་སྐབས། མེངྒ་ལོར་ས་གནས་གཞོན་ནུའི་ཚོགས་གཞོན་དང་རྒྱུན་ལས་རྣམ་པས་ཕེབས་བསུ་ཞུས་པ་དང་། དེ་ནས་མགྲོན་ཁང་དུ་ཕེབས་འབྱོར་རྗེས། ས་གནས་མེངྒ་ལོར་བོད་པའི་སློབ་ཕྲུག་ཚོར་གསུང་བཤད་དང་། དྲི་བ་དྲིས་ལན་གནང་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་མེངྒ་ལོར་གནམ་ཐང་བརྒྱུད་སྦེང་ལོར་ལ་ཕེབས་ཐོན་གནང་བ་དང་། དེར་ཕེབས་འབྱོར་སྐབས། ལྷོ་སྤྱི་ལས་ཁུངས་ཀྱི་རྩིས་པ་དང་། ཁ་ལོ་བ་རྣམ་པ་གཉིས་ཀྱིས་ཕེབས་བསུ་དང་། ལྷོ་སྤྱི་ལས་ཁུངས་སུ་ཕེབས་འབྱོར་མཚམས། ལྷོ་སྤྱི་ལས་ཁུངས་ཀྱི་ལས་བྱེད་དང་། བོད་ཁྱིམ་འགན་འཛིན། ས་གནས་གཞོན་ནུ་སོགས་ཀྱིས་ཕེབས་བསུ་ཞུས། ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་སྦེང་ལོར་བོད་ཁྱིམ་ལས་ཁུངས་དང་། དཔེ་མཛོད། སྡོད་ཁང་བཅས་ལ་གཟིགས་སྐོར་དང་། དེ་རྗེས་རིམ་པས་སྦེང་ལོར་ཀོ་ར་མངྒ་ལ་བོད་ཀྱི་སྨན་རྩིས་ཁང་དང་། སྦེང་ལོར་མ་ཧ་ལཀཤ་མེ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་བཅས་ལ་གཟིགས་སྐོར་དང་གསུང་བཤད་གནང་།

དགོང་མོ་སྦེང་ལོར་བོད་ཁྱིམ་སྡོད་ཁང་དུ་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། སློབ་ཕྲུག་མི་མང་རྣམས་མཉམ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་དང་། ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་འདུག
སྤྱི་འཐུས་རྣམ་པ་གཉིས་ནས་མུ་མཐུད་ལས་རིམ་བསྐྱང་འཆར་ཡོད་འདུག་པ་བཅས།