༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་ ༢༣ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པས་རྒྱུན་ལས་ཚོགས་ཁང་ནང་ལུ་དྷི་ཡ་ན་དང་ལྡི་ལི་ནས་ཡིན་པའི་བོད་མིའི་སུད་ཚོང་དང་འབྲེལ་བ་བཟང་པོ་ཡོད་པ་རྒྱ་གར་ཚོང་གྲོགས་མི་གྲངས་ ༢༠ ལྷག་ཙམ་དང་ལྷན་མཇལ་འཕྲད་གནང་སོང་། སྐབས་དེར་སྐབས་དྲུག་པའི་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་དབུས་པའི་རྒྱུན་ལས་རྣམ་པ་ལྷན་བཅར་ཞུས་གནང་འདུག
མཇལ་འཕྲད་སྐབས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་སྦྲགས་གསུངས་དོན། ང་ཚོ་རྒྱ་གར་བཙན་བྱོལ་ལ་གྱར་ནས་ལོ་ངོ་ ༦༦ ལྷག་འགྲོ་ཡི་ཡོད་པ་དང་། དུས་ཚོད་དེའི་རིང་རྒྱ་གར་གཞུང་མང་གཉིས་ནི་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན་པ་དང་། ཐོག་མར་ང་ཚོའི་མི་ཐོག་གོང་མ་རྣམས་རྒྱ་གར་ལ་སླེབས་ཡོང་དུས་སྐད་ཡིག་མི་ཤེས་པ་དང་། གནམ་གཤིས་ཀྱི་དཀའ་ངལ་སོགས་དཀའ་ངལ་མང་པོ་འཕྲད་ཡོད་ཀྱང་། རིམ་པས་གཞོན་སྐྱེས་རྣམས་རྒྱ་གར་ལ་འཚར་ལོངས་དང་། སྐད་ཡིག་གི་ཐོག་ནས་ཕན་ཚུན་འབྲེལ་བ་བྱེད་ཐུབ་པ། ལྷག་པར་དུ་འཚོ་གནས་ཀྱི་ཐོག་ནས་ཕན་ཚུན་ཚོང་འབྲེལ་བཙུགས་ཐུབ་པ་བཅས་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྩ་བའི་ང་ཚོ་བོད་མི་རྣམས་ཕྱོགས་གཅིག་ནས་སོ་སོའི་རྩ་དོན་འཐབ་རྩོད་བྱ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་རྒྱུ། གཞན་ཡང་འཚོ་གནས་ཐོག་ནས་ཉིན་རེ་བཞིན་དཀའ་ལས་རྒྱག་དགོས་པའི་གནས་སྟངས་བཅས་ཆགས་ཀྱི་ཡོད་པ་རེད། ད་བར་ང་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་ཀྱི་ཐོག་ནས་རྒྱ་གར་ཚོང་གྲོགས་རྣམས་ནས་བོད་མི་སུད་ཚོང་བ་རྣམས་ལ་བུན་ལོན་གཡར་བ་དང་། བོད་མི་རྣམས་ཀྱིས་ཀྱང་ལྷག་བསམ་རྣམ་དག་གིས་དུས་ཐོག་བུན་ལོན་འཇལ་བ། རྒྱ་གར་ས་གནས་ཁག་འདྲ་མིན་ནང་སུད་ཚོང་བརྒྱབ་ཏེ་ཉམ་ཆུང་གི་འཚོ་བ་སྐྱེལ་བཞིན་ཡོད་རེད། སྐབས་རེ་དཀའ་ངལ་ཕྲན་བུ་འདྲ་བྱུང་བ་ཡིན་ན་དེར་ང་ཚོས་བཟོད་བསྲན་ཞུ་རྒྱུ་དང་། རྣམ་པ་ཚོས་མུ་མཐུད་བོད་མི་མཉམ་དུ་འབྲེལ་བ་ཡག་ཏུ་གཏོང་རྒྱུར་དགོངས་པ་བཞེས་གནང་ཡོང་བ་ཞུ་རྒྱུ་ཡིན། ད་ལྟ་གོང་དུ་ཞུས་པ་ལྟར་བོད་དོན་འཐབ་རྩོད་དང་། བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་རྒྱུ། དེ་བཞིན་བོད་མིའི་རྒྱུན་གཏན་འཚོ་བ་བསྐྱལ་རྒྱུ་བཅས་ཚང་མར་རྒྱ་གར་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར་དང་མཐུན་འགྱུར་ནི་མེད་དུ་མི་རུང་བ་ཞིག་ཆགས་ཀྱི་ཡོད་དུས། རྣམ་པ་ཚོས་མུ་མཐུད་སྔར་ལྷག་རྒྱབ་སྐྱོར་མཐུན་འགྱུར་གནང་རོགས་ཞེས་ཞུ་རྒྱུ་དང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།
གཞན་ཡང་སྐབས་དྲུག་པའི་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ཚོགས་པའི་རྒྱུན་ལས་རྣམ་པ་ངོ་སྤྲོད་སྙིང་བསྡུས་དང་སྦྲགས། བོད་མི་སུད་ཚོང་བ་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་པ་རྒྱ་གར་གྱི་ཚོང་གྲོགས་ཁྱོན་ ༢༨༠ ཙམ་དེ་རིང་བཞུགས་སྒར་དུ་ཕེབས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུའི་བསྐལ་བཟང་གི་གོ་སྐབས་བྱུང་བའི་སྐོར་དང་། མ་འོངས་པར་ལུ་དྷི་ཡ་ནའི་ནང་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་སྲུང་བརྩིའི་སྐབས་༧སྐུའི་གོ་སྟོན་རྒྱས་པ་ཞིག་སྲུང་བརྩི་ཞུ་འཆར་ཡོད་པ་སོགས་ཚོགས་པའི་ལས་དོན་སྐོར་ངོ་སྤྲོད་དང་།
རྒྱ་གར་ཚོང་གྲོགས་རྣམས་ཀྱིས། ད་ལན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུས་དང་། བོད་མི་སུད་ཚོང་བ་རྣམས་དྲང་པོ་དྲང་གཞག་ཡོད་པ་སོགས་ད་བར་འབྲེལ་བ་ཡག་པོ་ཡོད་པའི་སྐོར་དང་། མ་འོངས་པར་བོད་མི་སུད་ཚོང་བ་རྣམས་ལ་མུ་མཐུད་མཐུན་འགྱུར་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་སོང་བ་བཅས།