༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༡༧ ཉིན་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་རྡ་རམ་ས་ལའི་ཉེ་འཁོར་དུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་རེ་ནས་ངག་རྩལ་ (Elocution) གྱི་ལས་རིམ་ཞིག་གོ་སྒྲིག་ཞུས་གནང་སོང་།
སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་དཔལ་ལྡན་སེང་གེ་རིན་པོ་ཆེ་མཆོག་དང་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། གཞན་སྐུ་མགྲོན་དུ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་དབུ་འཛིན་བསོད་ནམས་སྲི་གཅོད་ལགས་ཀྱིས་གཙོས་པའི་སློབ་གྲྭའི་ལས་སྣེ་རྣམ་པ་སོགས་ཕེབས་འདུག
སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ད་ལྟ་གོང་དུ་དྲུང་ཆེ་རྣམ་པ་གཉིས་དང་། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་རིན་པོ་ཆེ། རྡ་སའི་ཉེ་འཁོར་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམ་པའི་ངག་རྩལ་ལས་རིམ་བཅས་ཀྱི་ཐོག་ནས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དང་། ཡང་སྲིད་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་རྣམ་གཉིས་དང་འབྲེལ་བའི་གསུང་བཤད་རླབས་ཆེན་པོ་དང་། ཁྱབ་ཆེན་པོ་གནང་སོང་བས་དམིགས་བསལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་རེས་གཟའ་སྤེན་པ་ཁེལ་ཡོད་ཀྱང་། སློབ་ཕྲུག་རྣམ་པ་དང་། དགེ་རྒན་ལས་བྱེད། འབྲེལ་ཡོད་ཕྱི་དྲིལ་ལས་ཁུངས་བཅས་ཚང་མའི་ཐོག་ནས་ང་ཚོའི་གནད་དོན་གལ་ཆེན་པོ་ཞིག་གི་ཐོག་ལ་སློབ་གྲྭའི་སྡེ་ཚན་གཅིག་གི་ནང་ལྷན་འཛོམས་བྱས་ནས་གོ་སྒྲིག་གནང་བ་དེ་དམིགས་བསལ་ཡག་པོ་བྱུང་འདུག་བསམས་སོང་། ང་རང་ཚོ་ཆབ་སྲིད་ཀྱི་འཐབ་རྩོད་དང་། རིག་གཞུང་ཡིན་ནའང་འདྲ། མི་རིགས་དེ་རྒྱུན་འཛིན་གནང་མཁན་ཡིན་ནའང་འདྲ། གང་ལྟར་རིམ་པས་མི་རབས་གཞོན་པ་རྣམས་ལ་འགན་འཁྲི་བ་ལྟར་རྩིས་སྤྲོད་གནང་དགོས་ཤིང་། དེའང་ཅ་དངོས་གཡར་བ་ཞིག་ཕར་རྩིས་སྤྲོད་གནང་བ་ལྟ་བུ་མིན་པར། མི་རིགས་དེ་དང་འབྲེལ་བའི་རིག་གཞུང་སོགས་གོ་རྟོགས་སྤེལ་བའི་ཐོག་ནས་རྒྱུས་ཡོད་ཆགས་ཐུབ་དགོས་པ་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་རེད། དེ་རིང་ང་ཚོའི་བརྗོད་གཞིའི་གནད་དོན་འདི་ལྟ་བུ་ཡིན་ན། བོད་བསྟན་སྲིད་ཀྱི་ཆེད་དུ་གལ་འགངས་ཧ་ཅང་ཆེན་པོ་ཆགས་བསྡད་ཡོད་པས། དེ་ཕར་བཏང་སྙོམས་ལ་བཞག་ནས་མ་ཡིན་པར་ཚང་མར་གོ་རྟོགས་གཏིང་ཟབ་པོ་ཐོབ་ཐབས་ཀྱི་འབད་བརྩོན་ཞུ་དགོས་པ་དང་། དེའི་རྗེས་འབྲེལ་གྱི་ལས་འགུལ་རིགས་གང་སྤེལ་དགོས་པའི་ཐོག་རྒྱུས་ལོན་ཚད་ལྡན་གནང་དགོས་པ་གལ་ཆེན་པོ་ཆགས་བསྡད་ཀྱི་འདུག
དེ་རིང་ངས་དོན་ཚན་ཁ་ཤས་ཤིག་གི་ཐོག་ཞུས་ན་བསམས་བྱུང་། རྩ་བའི་བོད་ལ་ནང་ཆོས་མ་དར་བའི་གོང་ནས་བོན་གྱི་ཆོས་ལུགས་ཤིག་ཡོད་པ་མ་ཟད། དུས་ད་ལྟའང་རྒྱུན་འཛིན་གནང་བཞིན་ཡོད་རེད། ནང་ཆོས་ལྟ་བུར་ཆ་བཞག་ན། བོད་ཀྱི་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་ནང་ཆོས་དབུ་བརྙེས་པ་དང་། དུས་རབས་བདུན་པའི་སྐབས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ནང་ཆོས་སྲོལ་གཏོད། དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ནང་ཆོས་དར་ཞིང་རྒྱས་པ་བྱུང་ཞིང་། སྐབས་དེ་དུས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་ལམ་ལུགས་དེ་དར་མེད། ཡིན་ནའང་བཀའ་ཐང་དེ་ཚོར་བལྟས་ཡོང་དུས། ལོ་ཙཱ་བ་ཀ་ཅོག་ཞང་གསུམ་ཞེས་པ་དེ་ཚོ་གུ་རུ་རིན་པོ་ཆེའམ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལུང་བསྟན་གནང་ནས་ངོས་འཛིན་གནང་བའི་ལམ་ལུགས་བྱུང་ཡོད་ཀྱང་། ད་ལྟའི་སྐུ་ཕྲེང་རིམ་པར་ཕེབས་རྒྱུའི་ལམ་ལུགས་དེ་བྱུང་མེད། སྐུ་ཕྲེང་རིམ་པ་ཕེབས་རྒྱུའི་ལམ་ལུགས་དེ་གཙོ་བོ་དུས་རབས་བཅུ་གསུམ་པའི་འགོ་སྟོད་ལ་བྱུང་བ་ཞིག་སྟེ། དེ་ཡང་ཀརྨ་པ་དུས་གསུམ་མཁྱེན་པའི་ཡང་སྲིད་ཀརྨ་པཀྴི་ངོས་འཛིན་གནང་བ་ནས་བཟུང་ད་བར་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་བར་ཕེབས་བསྡད་ཡོད་པ་དང་། ད་བར་ལོ་ངོ་ཡང་བརྒྱ་ཕྲག་དགུ་ལྷག་འགྲོ་ཡི་ཡོད་པ་མ་ཟད། བོད་ཀྱི་རིག་གཞུང་ཐུན་མོང་མ་ཡིན་པ་ཞིག་ཆགས་བསྡད་ཡོད། དེ་ཡང་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་བཤད་སྟངས་བྱས་པ་ཡིན་ན། ལས་ཉོན་དབང་གིས་སྐྱེ་བ་ལེན་ཚུལ་ཤིག་དང་། སྙིང་རྗེ་དང་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བ་ལེན་སྟངས་ཤིག་བཅས་གཉིས་བཤད་ཀྱི་ཡོད་ཅིང་། ང་ཚོའི་སྤྲུལ་སྐུའི་ལམ་ལུགས་ནང་མཆོག་གི་སྤྲུལ་སྐུ་དང་། བཟོའི་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ་ཟེར་བ་སྤྲུལ་སྐུར་དབྱེ་བ་བཤད་སྟངས་མང་པོ་ཡོད་པ་དང་། ང་ཚོ་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་བའི་ལམ་ལུགས་དེ་སྐྱེ་བ་སྤྲུལ་སྐུའི་ཐོག་ནས་མར་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་རེད། དེ་ཡང་སོ་སྐྱེ་ཐ་མལ་པ་རྣམས་ལས་ཉོན་དབང་གིས་སྐྱེ་བ་ལེན་གྱི་ཡོད་པར་ངོས་འཛིན་དང་། སྙིང་རྗེ་དང་ལས་སྨོན་སྟོབས་ཀྱིས་སྐྱེ་བ་ལེན་པ་ཡིན་ན། ཡབ་ཡུམ་དང་། ས་གནས་གང་དུ་སྐྱེ་བ་ལེན་རྒྱུའི་རང་དབང་ཡོད་པ། སྐྱེ་བ་ལེན་པ་དེ་ཡང་སྙིང་རྗེ་དང་གཞན་དོན་ཐོག་ནས་སྐྱེ་བ་གཟུང་བར་ངོས་འཛིན། ནང་ཆོས་ཐོག་ནས་སྤྲུལ་སྐུའི་ལམ་ལུགས་ངོས་འཛིན་བྱེད་པར། གཅིག་ནས་སྐྱེ་བ་སྔ་ཕྱི་ཁས་ལེན་དགོས་པ་དང་། དེའི་ནང་ནས་སྐྱེ་བ་ལེན་ཚུལ་དེ་གཉིས་ཀར་ཁས་ལེན་དགོས་ཀྱི་ཡོད། ད་ཆ་ས་སྐྱ་དང་། དགེ་ལུགས། རྙིང་མ། བཀའ་བརྒྱུད། བོན། རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མའི་ནང་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་ལམ་ལུགས་དེ་བྱུང་ཡོད་ལ། ང་ཚོའི་དམིགས་བསལ་གྱི་རིག་གཞུང་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད། དེ་བཞིན་གོང་དུ་གསུངས་པ་ལྟར། གནམ་ལ་ཉི་མ་ཟླ་བ། །ས་ལ་རྒྱལ་བ་པཎ་ཆེན། །ཞེས་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་དང་པོ་ནས་བཅུ་བཞི་པ་བར་ཕེབས་བསྡད་ཡོད་པ་དང་། ༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་བར་ཕེབས་བསྡད་ཡོད་རེད། རྒྱབ་ལྗོངས་ཀྱི་ལོ་རྒྱུས་དེ་ཚོའི་གྲས་མཁྱེན་རྟོགས་དགོས་པ་གལ་ཆེན་པོ་རེད་ཅེས་དེ་གཅིག་ཞུ་རྒྱུ་ཡིན།
དེ་རིང་གི་བརྗོད་གཞི་དང་འབྲེལ་བ་ཡོད་བསྡད་པ་དེ། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆགས་བསྡད་ཡོད་རེད། གོང་དུ་ཞུས་པ་ནང་བཞིན་རེད། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ཕྱི་ལོ་ ༡༩༨༩ ཟླ་ ༡ པོའི་ཚེས་ ༢༨ ཉིན་དགོངས་པ་རྫོགས་པ་དང་། ཡང་སྲིད་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཕྱི་ལོ་ ༡༩༨༩ ཟླ་ ༤ པའི་ཚེས་ ༢༥ ཉིན་སྐུ་འཁྲུངས་འདུག སྐབས་དེ་དུས་བོད་ནང་ཕན་ཚུན་གཉེན་འཕྲད་འགྲོ་ཐུབ་ཀྱི་ཡོད་དུས། ༧རྒྱལ་བ་རིན་པོ་ཆེ་ལ་བོད་ནང་ནས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གནང་རོགས་ཞེས་ཞུ་མཁན་མང་པོ་བྱུང་བ་རེད། ༧རྒྱལ་བ་རིན་པོ་ཆེས་ཕྱི་ལོ་ ༡༩༩༡ ཟླ་ ༢ པའི་ནང་བོད་ཀྱི་ལོ་གསར་ཚེས་གསུམ་ཉིན་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བོད་ཕྱི་ནང་གང་ལ་འཁྲུངས་ཡོད་མེད་ཐོག་གཟན་རྟགས་བསྒྲིལ་ཡོང་དུས། བོད་ནང་ལོངས་ལ་འཁྲུངས་ཡོད་པ་གསལ་པོ་ཆགས་པ་དང་། དེ་ནས་༧རྒྱལ་བ་རིན་པོ་ཆེས་ཕྱི་ལོ་ ༡༩༩༡ ཟླ་ ༣ པའི་ནང་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་ལ་འབྲེལ་བ་གནང་ནས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་རྒྱུར་རམ་འདེགས་མཐུན་འགྱུར་ཆ་ཚང་གནང་གི་ཡིན་ཞེས་གསུངས་ཡོད་རེད། ཕྱི་ལོ་ ༡༩༩༣ ཟླ་ ༧ པའི་ཚེས་ ༡༧ ཉིན་བོད་ནང་གི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་དང་ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་མཆོག་གིས་སྐབས་དེ་དུས་རྒྱ་ནག་ལ་ཕེབས་བསྡད་པའི་༧སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་ལ་མཇལ་འཕྲད་ཞུས་ནས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་སྙན་ཞུ་ཞིག་ཕུལ་འདུག དེའི་རྗེས་ལ་༧རྒྱལ་བ་རིན་པོ་ཆེ་ཡིས་དགོངས་པར། ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེས་རྒྱ་ནག་པེ་ཅིང་ཆབ་སྲིད་ཀྱི་གནད་དོན་མང་པོ་ཞིག་ལ་གདོང་ལེན་གནང་ནས་དཀའ་ངལ་དེ་སེལ་ཐུབ་ཀྱི་ཡོད་པར་དགོངས་ནས། བྱ་བྲལ་རིན་པོ་ཆེ་རྒྱ་གར་ལ་ཕེབས་གནང་ཡོང་བའི་མགྲོན་ཤོག་ཤིག་བཏང་འདུག་ཀྱང་ཕེབབས་ཐུབ་མི་འདུག ཕྱི་ལོ་ ༡༩༩༤ ལོ་མཇུག་ལ་བྱ་བྲལ་རིན་པོ་ཆེས་གཙོས་པའི་ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཐོག་ནས་གཟབ་ནན་ཆེན་པོ་གནང་ནས་འོས་སྤྲུལ་ཕྲུ་གུ་ཉི་ཤུ་ལྷག་གི་མཚན་ཐོ་ཞིག་༧རྒྱལ་བ་རིན་པོ་ཆེ་ལ་ཡར་ཕུལ་བ་ཙམ་མ་ཟད། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དམིགས་བསལ་གྱིས་མ་འདྲ་བ་ཞིག་འདུག་པས་དེ་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཡིན་སྙམ་གྱི་འདུག་ཅེས་ཕུལ་འདུག་པར། ༧རྒྱལ་བ་རིན་པོ་ཆེ་ཡིས་དེ་བཞིན་ཐུགས་བརྟག་རིམ་པ་གནང་བ་དང་། ཁོང་རྣམ་པའི་དགོངས་ཚུལ་གཉིས་གཅིག་མཚུངས་བྱུང་ནས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ལ་ཐུགས་གཏན་ཁེལ་གནང་རྗེས། ༧རྒྱལ་བ་རིན་པོ་ཆེ་ཡིས་གསང་རྒྱའི་ཐོག་ནས་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཞབས་བརྟན་གསོལ་འདེབས་ཤིག་ལྗགས་རྩོམ་གནང་ནས་ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་མཆོག་ལ་གསང་རྒྱའི་ཐོག་ནས་བཏང་གནང་འདུག དེ་བཞིན་སྐབས་དེ་དུས་བོད་ནང་གི་སེ་ར་དགོན་པའི་དགེ་བཤེས་ཡེ་ཤེས་དབང་ཕྱུག་ཅེས་པ་བོད་ནང་ཤུགས་རྐྱེན་ཡོད་པ་ཞིག་ལ་ཡང་སྲིད་མཆོག་གི་ཡབ་ཡུམ་དང་༸རྒྱལ་བ་རིན་པོ་ཆེ་དབར་འབྲེལ་བ་མེད་པ་རྒྱ་གཞུང་ལ་གསལ་པོ་བཟོ་ཐབས་དགོས་སྐོར་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་ཞབས་བརྟན་དང་། ཡང་སྲིད་རྩད་ཞིབ་ཚོགས་ཆུང་གིས་འཆར་འབུལ་ཞུས་པ་དང་། ༧རྒྱལ་བ་རིན་པོ་ཆེའི་ཐུགས་བརྟག་གནང་བ་གཉིས་གཅིག་མཐུན་བྱུང་ནས་ཐག་གཅོད་མཛད་པའི་སྐོར་གསང་རྒྱའི་ཐོག་ནས་འབྲེལ་བ་གནང་འདུག གཙོ་བོ་ཞུ་དོན་དེ་༧རྒྱལ་བ་རིན་པོ་ཆེ་དང་། ཡང་སྲིད་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡབ་ཡུམ་གཉིས་དབར་འབྲེལ་བ་གང་ཡང་མེད་པ་རྒྱ་ནག་གཞུང་ལ་གསལ་པོ་བཟོ་དགོས་པའི་བཀའ་གནང་འདུག ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་དང་། འབྲེལ་ཡོད་ཁོང་རྣམ་པའི་ཐོག་ནས་༧རྒྱལ་བ་རིན་པོ་ཆེས་ཡང་སྲིད་ངོས་འཛིན་མཛད་པ་དེ་རང་ཐོག་ཕེབས་རྒྱུའི་རྒྱ་ནག་གཞུང་ལ་འབད་བརྩོན་ཞུས་འདུག་ཀྱང་། ཕྱི་ལོ་ ༡༩༩༥ ཟླ་ ༣ པའི་ནང་༧རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་བ་དེ་ལ་རྒྱ་གཞུང་གིས་ངོས་ལེན་མེད་པའི་ཐོག་ནས་གཡོ་ཐབས་ཀྱིས་གསེར་འབུམ་དཀྲུགས་ནས་ཡང་སྲིད་འོས་འདེམས་གནང་རྒྱུ་ཐག་ཆོད་བྱས་འདུག སྐབས་དེ་དུས་༧རྒྱལ་བ་རིན་པོ་ཆེ་ལ་མཛད་དཀའ་ཆེན་པོ་བྱུང་འདུག ༧རྒྱལ་བ་རིན་པོ་ཆེས་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གནང་བ་དེར་རྒྱ་ནག་གཞུང་གིས་ཆོག་མཆན་སྤྲོད་ཀྱི་མེད་དུས། ཕྱི་ལོ་ ༡༩༩༥ ཟླ་ ༥ པའི་ཚེས་ ༡༤ ཉིན་༧རྒྱལ་བ་རིན་པོ་ཆེས་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཡོངས་གྲགས་གསལ་བསྒྲགས་གནང་བ་དང་། ཡོངས་བསྒྲགས་མ་གནང་གོང་ཉིན་མ་གཅིག་གི་སྔོན་ལ་༧སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་བརྒྱུད་ནས་ཕར་རྒྱ་ནག་ལ་འབྲེལ་བ་གནང་འདུག དེ་བཞིན་གདན་ས་བཀྲ་ཤིས་ལྷུན་པོའི་དགོན་པ་དང་། ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་རེད། ཚང་མར་མཁྱེན་རྟོགས་ཡོང་ཐབས་གནང་འདུག ཡོངས་གྲགས་གནང་བའི་ཉིན་མོ་དེ་བོད་ཟླ་ ༤ པའི་ཚེས་ ༡༥ ཆགས་བསྡད་ཡོད་པ་དང་། བོད་ཟླ་ ༤ པའི་ཚེས་ ༡༥ ཉིན་མོ་དེ་དུས་ཚོད་དམིགས་བསལ་ཞིག་སྟེ། དུས་འཁོར་རྩ་རྒྱུད་གསུང་རྒྱུའི་དུས་ཆེན་ཞིག་འཁེལ་གྱི་ཡོད་རེད། ༧པཎ་ཆེན་རིན་པོ་ཆེ་ནི་དུས་འཁོར་ཉམས་བཞེས་གནང་མཁན་ཆགས་བསྡད་དུས། དེ་ཉིན་རྟེན་འབྲེལ་ཐོག་ནས་ཡོངས་གྲགས་གནང་བ་ཞིག་རེད་འདུག སྟབས་མི་ལེགས་པ་ཞིག་ལ་ཡོངས་གྲགས་གནང་བའི་ཉིན་གསུམ་གྱི་རྗེས་ལ། ཕྱི་ལོ་ ༡༩༩༥ ཟླ་ ༥ པའི་ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་དང་། ཡབ་ཡུམ་སྐུ་འཁོར། ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་སོགས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་ད་ལྟའི་བར་གར་ཡོད་ཆ་མེད་དུ་གྱུར་བའི་གནས་སྟངས་ཆགས་བསྡད་ཡོད་རེད། བྱ་བྲལ་རིན་པོ་ཆེ་ལྟ་བུར་མཚོན་པ་ཡིན་ན། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ལ་ཞབས་ཏོག་ཆེན་པོ་ཞུ་མཁན་ཞིག་ཡིན་པ་དང་། དེ་བཞིན་ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་གནང་བའི་རྗེས་ལ་༧རྒྱལ་བ་རིན་པོ་ཆེ་ལ་ཚུར་འབྲེལ་བ་ཞུ་རྒྱུ་དང་། དེ་བཞིན་རྒྱ་ནག་གཞུང་དང་། བོད་ནང་གི་བླ་སྤྲུལ་ཁག་ལ་འབྲེལ་བ་གནང་བ་སོགས་ཐུགས་འགན་རྒྱ་ཆེན་པོ་བཞེས་འདུག ཐོག་མར་བྱ་བྲལ་རིན་པོ་ཆེ་མཆོག་ལ་ལོ་དྲུག་བཙོན་འཇུག་གི་ཁྲིམས་ཆད་བཏང་འདུག་ཀྱང་། ད་བར་གློད་བཀྲོལ་མ་བཏང་བར་གར་སོང་ཆ་མེད་དུ་གྱུར་ཡོད། ༧རྒྱལ་བ་རིན་པོ་ཆེས་ཡང་སྲིད་མཆོག་སྤྲུལ་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ངོས་འཛིན་གནང་སྟངས་ཀྱི་བརྒྱུད་རིམ་དེ་འདྲ་ཆགས་བསྡད་ཡོད་རེད། རྣམ་པ་ཚོ་ཞིབ་ཕྲ་མཁྱེན་སྡོད་ཡོད་ན། ༧རྒྱལ་བ་རིན་པོ་ཆེས་ལྗགས་རྩོམ་མཛད་པའི་ཕྱག་དེབ་གསར་པ་བོད་དང་བོད་མིའི་མགྲིན་ཚབ་ (Voice for the Voiceless) ཅེས་པའི་གནང་གསལ་པོར་འཁོད་འདུག དེ་ཚོའི་ཐོག་ནས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་སྟངས་ཀྱི་བརྒྱུད་རིམ་ཐོག་མཁྱེན་རྟོགས་ཐུབ་དགོས་པ་གལ་ཆེན་པོ་ཆགས་བསྡད་པ་དང་། ཐུགས་སྣང་གནང་དགོས་པ་དེ་བས་གལ་ཆེན་པོ་རེད་འདུག
ད་ལྟའི་གནས་བབ་ལ་༧པཎ་ཆེན་རིན་པོ་ཆེ་མཆོག་ས་གནས་གང་དུ་ཡོད་མེད། འདས་པའི་ལོ་ཁ་ཤས་སྔོན་ལ་བོད་རང་སྐྱོང་ལྗོངས་ཟེར་བའི་སྐུ་ཚབ་ཚོགས་ཆུང་ཞིག་ཁེ་ན་ཌར་འབྱོར་བ་དང་། ཁོང་རྣམས་ལ་དྲི་བ་དྲིས་དུས། ༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་སྐུ་འཁོར་རྣམ་པས་ཕྱིའི་མི་ཐུག་འདོད་གནང་གི་མི་འདུག ཁུ་སིམ་པོར་བསྡད་རྒྱུར་དགའ་པོ་བྱེད་ཀྱི་འདུག བོད་མི་དཀྱུས་མ་ནང་བཞིན་འཚོ་བ་སྐྱེལ་བཞིན་ཡོད་ལུགས་བཤད་ཡོད་རེད། ༧རྒྱལ་བ་རིན་པོ་ཆེས་ལྗགས་རྩོམ་མཛད་པའི་ཕྱག་དེབ་གསར་པ་དེའི་ནང་། མཁྱེན་རྟོགས་ཆེ་བའི་མི་སྣ་གཅིག་ཚུད་པའི་རྒྱ་རིགས་ཁ་ཤས་ཀྱིས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་སྐམ་ས་ཆེན་མོའི་དམག་དཔུང་གི་རྟེན་གཞི་ཞིག་གི་ནང་བཟང་བཙོན་གྱི་རྣམ་པའི་ཐོག་བཅུག་ཡོད་པ་མགོན་པོ་མཆོག་ལ་གསུངས་པའི་སྐོར་འཁོད་འདུག དེ་མ་གཏོགས་ད་བར་ལོ་སུམ་བཅུའི་རིང་༧པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་མེད། གསན་བསམ་སློབ་གཉེར་གང་གནང་ཡོད་མེད། ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ད་ཆ་དགུང་ལོ་ ༣༦ ལ་ཕེབས་ཀྱི་ཡོད་པ་དང་། བསྟན་པའི་མཛད་འཕྲིན་སྐྱོང་ཐུབ་རྒྱུའི་ལོ་ཚད་ལ་ཕེབས་ནས་བསྟན་འགྲོའི་བྱ་བར་ནུས་པ་ཡོད་བསྡད་པ་ཞིག་ཆགས་བསྡད་ཡོད་ཀྱང་། ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་། ཡབ་ཡུམ་སྐུ་འཁོར། ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་བཅས་ཀྱི་གནས་སྟངས་གང་འདྲ་ཞིག་ལ་ཡོད་མེད་ང་ཚོར་ཚོད་དཔག་རང་ཆགས་བསྡད་ཡོད་རེད། གནས་སྟངས་དེ་འདྲའི་འོག་ང་ཚོས་གང་བྱེད་དགོས་པའི་ཐོག་ངོས་འཛིན་གསལ་པོ་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད། གཅིག་ནས་གོ་རྟོགས་ཡག་པོ་སྤེལ་རྒྱུ་དང་། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཞུ་སྐུལ་བྱེད་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། བཀའ་ཤག་གི་ཐོག་ནས་ཕྱི་ལོ་ ༢༠༢༠ ཡས་མས་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་དང་འབྲེལ་བའི་ཐོག་ལ་ཞུ་སྐུལ་གྱི་ལས་འགུལ་ཤུགས་ཆེ་རུ་བཏང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་ཀྱང་གྲོས་ཚོགས་ནམ་ཚོགས་སྐབས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཀྱི་དོན་ཚན་གཅིག་དེ་༧པཎ་ཆེན་རིན་པོ་ཆེ་མཆོག་དང་འབྲེལ་བའི་ཐོག་འཇོག་གི་ཡོད་པ་དང་། བོད་དོན་ཞུ་སྐུལ་གནང་སྐབས་ཀྱང་༧པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་ཡོང་བའི་འབོད་སྐུལ་གནང་གི་ཡོད་རེད། དེར་ཚང་མས་ཐུགས་སྣང་གནང་གི་ཡོད་རེད་དེ། ད་དུའང་ང་ཚོས་ཤུགས་ཆེ་རུང་གཏོང་དགོས་པ། གཞུང་དང་སྒྲིག་འཛུགས་རེད། དེ་བཞིན་རྒྱ་ནག་ནང་ལོགས་ལ་ཤུགས་རྐྱེན་ཐེབས་ཐུབ་རྒྱུའི་ཐབས་ལམ་ག་རེ་ཡོད་མེད་ཐོག་ལ་བསམ་བློ་གཏོང་དགོས་པ་དང་། དེ་འདྲའི་ཐོག་གོ་བསྡུར་གནང་ཐུབ་པ་ཡིན་ན་ཐུགས་ཕན་གསོ་ཡི་རེད་བསམས་ཀྱི་འདུག
རྩ་བའི་གོང་དུ་གསུང་བཤད་གནང་མཁན་རྣམ་པ་དང་། ངག་རྩལ་ལས་རིམ་ནང་མཉམ་ཞུགས་གནང་མཁན་རྣམ་པ་ཚང་མས་གསུངས་སོང་། གལ་ཆེ་བ་དེ། བོད་ཀྱི་བདེན་པའི་འཐབ་རྩོད་དང་། རིག་གཞུང་རྒྱུན་འཛིན་བྱ་རྒྱུར་ཤེས་ཡོན་སློབ་སྦྱོང་དགོས་ཀྱི་ཡོད་པར་བརྟེན། རྣམ་པ་ཚོའི་ཐོག་ནས་བོད་ཀྱི་རིག་གཞུང་དང་དེང་དུས་ཀྱི་ཤེས་ཡོན་ཐོག་ལ་སློབ་གཉེར་ཡག་པོ་གནང་རྒྱུ་གལ་ཆེན་པོ་རེད། སློབ་གཉེར་བྱས་པ་ཡིན་ན་༧པཎ་ཆེན་རིན་པོ་ཆེ་མཆོག་ཀློད་བཀྲོལ་ཡོང་ཐབས་དང་། བོད་དོན་རྩ་དོན་འཐབ་རྩོད། བོད་དོན་བདེན་མཐའ་གསལ་ཐབས་བཅས་ལ་ཕྱག་ལས་རྒྱ་ཆེན་པོ་གནང་ཐུབ་ཀྱི་རེད། དེ་ཡིན་དུས་ཕྱག་ལས་རྒྱ་ཆེ་ཙམ་གནང་ཐུབ་རྒྱུའི་མི་ཆ་དགོས་ཀྱི་ཡོད་རེད། དེའི་ཐོག་ནས་རྣམ་པ་ཚོ་མི་རབས་གསར་པ་སྐྱེད་བསྲིང་ཡག་པོ་ཡོང་ཐུབ་རྒྱུར་ཁོར་ཡུག་དང་། ཚང་མས་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན། དེ་རིང་མཛད་སྒོ་གོ་སྒྲིག་གནང་མཁན་དང་། གསུང་བཤད་གནང་མཁན། འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུངས་གནང་སོང་།
དེ་བཞིན་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་དང་། དམིགས་བསལ་སྐུ་མགྲོན་རྣམ་པས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་ཨིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ “Tibet’s Stolen Child” དབུ་འབྱེད་དང་། གསུང་བཤད་ཀྱི་ལས་རིམ་ཐོག་མཉམ་ཞུགས་གནང་མཁན་མེས་དབོན་གཙུག་ལག་སློབ་གྲྭ་དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭ། སུ་ཇ་བོད་ཁྱིམ་སློབ་གྲྭ། ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ་བཅས་ཀྱི་སློབ་ཕྲུག་རེ་ནས་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་དང་བཅུ་གཅིག་པ་མཆོག་རྣམ་གཉིས་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་དང་། ཚོགས་བཅར་བ་སློབ་ཕྲུག་རྣམས་དང་ལྷན་དུ་འདྲི་རྩད་ (Quiz) འགྲན་བསྡུར་གྱི་ལས་རིམ། སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་བརྒྱུད་ནས་གཏམ་བཤད་གནང་མཁན་སློབ་ཕྲུག་རྣམས་ལ་ལེགས་སོའི་ཕྱག་ཁྱེར་དང་། འབྲེལ་ཡོད་བོད་དགེ་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་ཕུལ་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་རྣམ་པ་གཉིས་ནས་གསུང་བཤད་དང་། ཕྱི་དྲིལ་དྲུང་ཆེ་ནས་ལས་རིམ་གྱི་དམིགས་ཡུལ་ངོ་སྤྲོད། ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་ཟུང་དྲུང་འབྲུག་བསྟན་སྐྱིད་ལགས་ནས་ཐུགས་རྗེ་ཆེ་ཞུས་ཀྱི་མཇུག་བསྡོམས་གསུང་བཤད་གནང་ཡོད་པ་བཅས།