༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༩ ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་སྲིད་དོན་མཛད་རྣམ་ “ཤར་སྟག་མོའི་བུ་” ཡི་འཕྲུལ་དེབ་དབུ་འབྱེད་གནང་སོང་།
སྐབས་དེའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། ད་ལྟ་གོང་དུ་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་སྲིད་དོན་མཛད་རྣམ་གྱི་རྩོམ་སྒྲིག་པ་ཀིརྟིའི་དྲུང་ཡིག་འབྲིང་བ་འཇིགས་མེད་ལགས་དང་། སློབ་སྤྱི་སོ་རུ་དར་རྒྱས་ལགས་རྣམ་གཉིས་ནས་གསུང་བཤད་གནང་བ་གཞིར་བཟུང་རེད། རིན་པོ་ཆེའི་སྲིད་དོན་མཛད་རྣམ་གྱི་ལོ་རྒྱུས་དེའི་དགོས་དམིགས་དང་། དེའི་ཕུགས་ཕན་གང་འདྲ་ཡོད་མེད། དེའི་ཐོག་ལ་བགྲོ་གླེང་གནང་བ་ཡིན་ན། མི་རབས་གཞོན་པ་རྣམས་ཀྱིས་ཕྱག་ལས་གནང་ཕྱོགས་ལ་སེམས་ཤུགས་འཕར་རྒྱུ་དང་། ལས་འགན་ཁུར་དགོས་པའི་དགོས་དམིགས་སྐོར་ལ་འགྲེལ་བརྗོད་གནང་སོང་བས། ཐོག་མར་དེ་ཚོ་ཚང་མར་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན།
ང་རང་སྒེར་ལྟ་བུར་ཆ་བཞག་ན་དུས་རྒྱུན་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཛད་སྒོ་དང་། ཟུར་མཇལ་སོགས་ཡོང་གི་འདུག རིན་པོ་ཆེ་མཆོག་ནི། བོད་བསྟན་སྲིད་དང་། རྒྱལ་ཕྱི་ནང་གི་གནས་སྟངས། བོད་མིའི་སྒྲིག་འཛུགས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་བཅས་ཀྱི་ཐོག་རྟག་ཏུ་ཐུགས་ཁུར་བཞེས་མཁན་གྱི་རླབས་ཆེན་མི་སྣ་ཞིག་རེད། དེ་སྔོན་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་ལོ་རྒྱུས་རྣམ་ཐར་དབུ་འབྱེད་དང་། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཐོག་ནས་རིན་པོ་ཆེར་གཟེངས་རྟགས་འབུལ་བའི་མཛད་སྒོ་སོགས་ལ་བཅར་རྒྱུ་བྱུང་། བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ལྟ་བུར་མཚོན་པ་ཡིན་ན། ཕྱི་ལོ་ ༡༩༤༢ ལོར་སྐུ་འཁྲུངས་པ་དང་། དེ་ཡང་ཕྱི་ལོ་ ༡༩༥༧ ལོར་རིན་པོ་ཆེ་མདོ་སྨད་ནས་བོད་དབུས་ཕྱོགས་སུ་ཕེབས་པ་སོགས་ བོད་ས་མ་ཤོར་བའི་གོང་གི་གནས་སྟངས་ཐོག་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཆགས་ཀྱི་ཡོད་པ་རེད། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ཤར་ཕྱོགས་ནས་བཙན་འཛུལ་བྱས་ཤིང་ཛ་དྲག་ཆེ་བའི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་འོག་དཀའ་སྡུག་དངོས་སུ་མྱོང་མཁན་ཞིག་དང་། རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པའི་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། དེའི་རྗེས་སུ་རིན་པོ་ཆེ་བཙན་བྱོལ་ལ་ཕེབས་འབྱོར་བྱུང་བ། སྐབས་དེ་དུས་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་པའི་གནས་སྟངས་ཡིན་པའི་སྐབས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་མཛད་འཕྲིན་དང་། རྒྱ་གར་གཞུང་གི་མཐུན་འགྱུར་རྒྱབ་སྐྱོར་འོག་བོད་མི་རྣམས་ཀྱི་གནས་སྟངས་ཡ་ང་ལས་སྐྱོབས་ཤིང་། བཙན་བྱོལ་བོད་གཞུང་འཛུགས་པ་དང་། བོད་མིའི་ཆབ་སྲིད་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུའི་ལས་རིམ་ཐོག་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དངོས་སུ་ཞུགས་ནས་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ནང་ཡོད་པ་དང་། བཀའ་ཤག་གི་ཆབ་སྲིད་ཚོགས་ཆུང་ནང་དངོས་སུ་ཞུགས་ནས་ལམ་སྟོན་གནང་བ། འདེམས་བསྐོ་ལྷན་ཁང་གི་ལས་འགན་བཞེས་པ། དེ་བཞིན་ཆོས་རིག་བཀའ་བློན་གནང་བ་སོགས་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་རིམ་པ་གནང་མྱོང་བའི་གནས་བབ་ཅིག་ཀྱང་ཆགས་བསྡད་ཡོད་རེད། ད་ལྟ་གོང་དུ་ཁོང་རྣམ་པ་གཉིས་ཀྱིས་གསུངས་པ་ལྟར་རེད། སྲིད་དོན་གྱི་མཛད་རྗེས་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད། དེ་འདྲའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་དངོས་སུ་ཞུགས་མྱོང་མཁན་གྱི་མི་སྣ་དེ་ཚོའི་ལོ་རྒྱུས་རིམ་པས་གལ་ཆེ་རུ་ཆགས་འགྲོ་ཡི་ཡོད་རེད། དཔེར་ན། བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་དེབ་ཕྲེང་གསུམ་ཡོད་པའི་ནང་གི་དང་པོའི་ནང་ལ་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་སྐུ་ཕྲེང་གོང་མའི་ལོ་རྒྱུས་སྙིང་བསྡུས་དང་། མདོ་སྟོད་སྨད་ཀྱི་དཔོན་ཁག་དབར་སྲིད་ཕྱོགས་ཀྱི་འབྲེལ་བ་འཇོག་སྟངས། བོད་གཞུང་དང་ཐོག་མར་འབྲེལ་བ་བྱུང་སྟངས། བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དངོས་སུ་ལྷ་སར་ཕེབས་ནས་རྒྱ་མིའི་དྲག་གནོན་འོག་སྲོག་ཐར་མི་ཐར་གྱི་དཀའ་སྡུག་དངོས་སུ་མྱངས་བའི་མྱོང་ཚོར་དེ་ཚོ་བྲིས་འདུག་པས། དེས་མ་འོངས་པའི་མི་རབས་གཞོན་པ་དང་། ཉམས་ཞིབ་གནང་མཁན་རྣམས་ལ་དངོས་གནས་ཐུགས་ཕན་ཆེན་པོ་གསོ་རྒྱུའི་གནས་སྟངས་ཆགས་ཡོད་པ་ཐག་ཆོད་པའི་ཐོག་ནས་ཞུ་ཐུབ་རྒྱུའི་གནས་བབ་ཆགས་འདུག
སྤྱིར་ང་ཚོའི་བོད་ཀྱི་ལོ་རྒྱུས་ནང་དགེ་འདུན་པའི་ཐོག་ནས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཞབས་ཞུ་བསྒྲུབས་ནས་མཛད་འཕྲིན་བསྐྱང་རྒྱུའི་ལམ་ལུགས་དེ་མགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་འགོ་བཙུགས་པའི་སྐོར་བཤད་ཀྱི་ཡོད་རེད། ཡིན་ནའང་བོད་ཀྱི་ཆོས་རྒྱལ་རྣམ་པ་འཇམ་ཕྱག་སྤྱན་གསུམ་གྱི་རྣམ་སྤྲུལ་ཡིན་པ་གསུང་སྲོལ་ཡོད། སྐབས་དེ་དུས་ཀྱི་གནས་སྟངས་རེད། དེའི་རྗེས་སུ་བོད་ལ་སྲིད་དོན་གྱི་སློབ་ཚན་ཟེར་བ་ཞིག་མེད་ཀྱང་། མང་བ་ཞིག་ལུགས་ཀྱི་བསྟན་བཅོས་དེ་ཚོའི་ཐོག་ནས་ཆོས་སྲིད་གཉིས་ཀའི་གནས་ལུགས་སམ་ཤེས་ཡོན་ཐོབ་ཐུབ་ཀྱི་ཡོད་པས་དེ་ཚོ་གལ་ཆེན་པོ་ཆགས་ཡོད་པ་རེད། རིན་པོ་ཆེ་ཡང་དེ་ཚོའི་ཐོག་ནས་མཁྱེན་རྒྱ་ཆེན་པོ་ཆགས་བསྡད་ཡོད་རེད། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་སྤྱོད་འཇུག་ནང་། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། །དེ་ནི་གང་ཡང་ཡོད་མིན་ཏེ། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། ། ཞེས་གསུངས་པ་ལྟར་སྐྱེས་བུ་དམ་པ་རྣམས་ཀྱིས་མཛད་རྗེས་རྣམས་རིག་པའི་གནས་ལ་མི་བསླབ་པར་གང་ཡང་ཡོད་མ་རེད་ཅེས་དང་། གཙོ་བོ་གཞན་ཕན་གྱི་བསམ་བློའི་ཐོག་ནས་ཡོང་དགོས་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་པའི་ཆོས་སྲིད་ཟུང་འབྲེལ་ལམ་ཆབ་སྲིད་སྐོར་གྱི་འགྲེལ་བརྗོད་ཅིག་དཔེ་དེབ་རྩོམ་པ་པོའི་ཐོག་ནས་མཛད་རྣམ་འདི་ནང་ལ་བྲིས་འདུག དེར་བལྟས་པ་ཡིན་ན། ཆབ་སྲིད་ཅེས་པ་དེ་སྤྱི་ཚོགས་ཀྱི་བདེ་དོན་བསྒྲུབ་རྒྱུའི་ནུས་པ་གལ་ཆེ་ཤོས་ཤིག་ཡིན་པར་༧གོང་ས་མཆོག་གིས་ངོས་འཛིན་གནང་འདུག ཆོས་སྲིད་ཟུང་འབྲེལ་ཞེས་པ་དེ་རང་བཞིན་གྱིས་རྒྱུ་མཚན་ལྡན་པ་ཞིག་ཆགས་བསྡད་ཡོད་རེད། ནུབ་ཕྱོགས་པས་ཆོས་སྲིད་ཟུང་འབྲེལ་ཟེར་བ་དེའི་ཐོག་ལ་གོ་བ་གཞན་ཞིག་ལེན་གྱི་ཡོད། གང་ཡིན་ཟེར་ན། སྐབས་དེ་དུས་ཀྱི་རྒྱལ་པོ་དང་། ཆོས་དཔོན་དེ་ཚོ་མཉམ་འབྲེལ་གྱིས་མི་མང་ལ་བཤུ་གཞོག་བྱས་པ་དེ་ཚོའི་དངངས་སྐྲག་ད་དུང་ཡལ་མེད་པ་རེད། ང་ཚོའི་སྤྱི་ཚོགས་ནང་དེ་འདྲ་ཡོད་མ་རེད། གཞན་ཕན་གྱི་བསམ་བློའི་གནས་བབ་ཤུགས་ཆེ་བར་སླེབས་བསྡད་དུས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱིས་དབུ་ཁྲིད་གནང་བ་དང་། དེ་བཞིན་བཙན་བྱོལ་ནང་བླ་མ་མང་པོ་ཞིག་གིས་ཆབ་སྲིད་ཐོག་ལ་མཛད་ཁུར་བཞེས་ཡོད་རེད། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནི་དཔེ་མཚོན་ཤིག་ཆགས་བསྡད་ཡོད་ཅིང་། རིན་པོ་ཆེ་མཆོག་གི་ཕྱག་ལས་དང་མཛད་འཕྲིན་སྐྱོང་ཕྱོགས་ཐོག་ནས་ང་ཚོས་ལེགས་ཆ་ལེན་ཐུབ་དགོས་པ་དང་། དེའི་ཐོག་ནས་སོ་སོའི་བསམ་བློ་གུ་ཡངས་པོར་གཏོང་ཐུབ་དགོས་པ། ང་ཚོ་བོད་པའི་ཁ་དཔེར། བྱ་བ་ཐམས་ཅད་ལད་མོ་ཡིན། ། ལད་མོའི་ནང་ནས་གང་མཁས་ཡིན། ། ཞེས་བཤད་སྲོལ་ཡོད་པ་དང་། ཆོས་ཕྱོགས་ནས་བཤད་པ་ཡིན་ན། སྔོན་བྱོན་མཁས་པའི་རྣམ་ཐར། །རྗེས་འཇུག་གདུལ་བྱའི་ཉམས་ལེན། །ཞེས་གསལ་བ་ལྟར། བླ་མ་གོང་མ་རྣམས་ཀྱི་མཛད་འཕྲིན་ལ་བལྟས་ནས་དེ་ནང་བཞིན་སོ་སོས་ཉམས་ལེན་བྱེད་ཐུབ་དགོས་པ་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་པ་རེད། སྲིད་དོན་ཐོག་ལ་ཕྱག་ལས་གནང་མྱོང་མཁན་བླ་མ་དང་། སྐྱ་བོ་དཔེ་མཚོན་ཅན་མང་པོ་ཞིག་ཡོང་གི་ཡོད་རེད། དེ་ཚོའི་རྣམ་དཔྱོད་དང་། དམིགས་ཡུལ། དགོངས་པ་བཞེས་སྟངས་གང་འདྲ་རེད་འདུག དེའི་ཐོག་ནས་བོད་མི་མང་ལ་ཕན་ཐོགས་ཡོང་རྒྱུར་ང་ཚོའི་ངོས་ནས་འབད་བརྩོན་ག་རེ་བྱེད་དགོས་པའི་ཐོག་དགོངས་པ་བཞེས་དགོས་ཀྱི་འདུག དེང་སང་བོད་ཀྱི་མིང་འཛམ་གླིང་འདིར་གནས་མི་གནས་ཀྱི་ཛ་དྲག་གི་དུས་སྐབས་ཤིག་བྱུང་བའི་མཚམས་ལ། ང་ཚོའི་ངོས་ནས་སེམས་ཤུགས་བསྐྱེད་ནས་འབད་བརྩོན་བྱས་པ་ཡིན་ན་གྲུབ་འབྲས་ཡོང་རྒྱུ་ཡིན་པ་ངེས་པ་རེད་བསམ་གྱི་འདུག དུས་རྒྱུན་༧གོང་ས་མཆོག་གིས་སེམས་ཤུགས་ནམ་ཡང་མ་ཆག་ཅེས་པའི་བཀའ་སློབ་ཡང་ཡང་ཕེབས་བསྡད་ཀྱི་ཡོད་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆབ་སྲིད་ཀྱི་འགྱུར་བགྲོས་དང་བསྟུན་ནས་གནས་ཚུལ་སྣ་ཚོགས་པ་ཡོང་གི་ཡོད་རེད། ང་ཚོར་རྒྱབ་སྐྱོར་བྱེད་མཁན་དང་། ཐག་རིང་ཙམ་སྡོད་མཁན། བཏང་སྙོམས་སྡོད་མཁན་སོགས་ཡོང་གི་རེད་དེ། ང་ཚོའི་ངོས་ནས་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ལྟ་བུའི་མཛད་པ་སྐྱོང་སྟངས་ལྟར་བྱས་པ་ཡིན་ན། རྡོ་ཁབ་ལེན་གྱིས་ཁབ་ལེན་པ་ལྟར་ཁོ་ཚོར་རྒྱབ་སྐྱོར་མ་བྱས་ན་ཡོང་ས་མ་རེད་བསམ་བསམ་གྱིས་སེམས་འགུལ་ཐེབས་ཐུབ་པ་དེ་འདྲ་ཡོང་གི་འདུག དེ་ཡོང་རྒྱུར་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་རེད་འདུག་མ་གཏོགས། ང་ཚོ་བོད་པའི་ཆབ་སྲིད་དང་། རིག་གཞུང་མར་ཉམས་ཆག་ཕྱིན་ནས། སོ་སོ་ནང་ཁུལ་ལའང་འགྲེལ་བཤད་མང་པོ་ཞིག་བརྒྱབ་ནས་བསྡད་པ་ཡིན་ན་རྒྱབ་སྐྱོར་བྱེད་མཁན་གྱི་སེམས་ལ་སྤྲོ་བ་སླེབས་མ་ཐུབ་པའི་གནས་སྟངས་ཆགས་སོང་བ་ཡིན་ན། ང་ཚོའི་མི་རབས་འདིའི་ཐོག་ནས་འཐུས་ཤོར་ཆེན་པོ་ཞིག་འགྲོ་ཡི་ཡོད་དུས། དེ་འདྲའི་འཐུས་ཤོར་རིགས་མ་ཡོང་བར་ཁོང་རྣམ་པའི་མཛད་འཕྲིན་སྐྱོང་སྟངས་ལ་བལྟས་ནས་སེམས་ཤུགས་སྐྱེ་དགོས་པ་གལ་ཆེན་པོ་རེད་འདུག སོ་སོའི་མི་ཚེའི་མདུན་ལམ་ཙམ་མ་ཡིན་པ་བོད་སྤྱི་ལ་ཕན་ཐོགས་ཐུབ་པའི་ཐོག་དགོངས་པ་བཞེས་ཐུབ་དགོས་འདུག དེ་བཞིན་བཀའ་ཟུར་༧སྐྱབས་རྗེ་རིན་པོ་ཆེ་འབྲེལ་བ་ཡོད་མཁན་བོད་ནང་གི་ཀིརྟི་དགོན་པ་སོགས་ནས་བློས་བཏང་གནང་བ་དེ་ཚོ་ང་ཚོ་བོད་མི་ས་ཡ་དྲུག་གིས་ནམ་ཡང་བརྗེད་མི་ཐུབ་པའི་གནས་སྟངས་ལྟ་བུ་ཆགས་ཡོད་རེད། དེའི་རྗེས་འབྲེལ་གྱིས་རིན་པོ་ཆེ་མཆོག་གིས་ཨ་རི་དང་། ཡུ་རོབ་སོགས་ལ་ཕེབས་ནས་གཞུང་འབྲེལ་དཔོན་རིགས་མཇལ་འཕྲད་ཀྱིས་བོད་ཀྱི་བདེ་དོན་ཐོག་ཞུ་གཏུགས་གནང་བ་སོགས་བཀའ་དྲིན་ཆེན་པོ་ཆགས་བསྡད་ཡོད་རེད། རིན་པོ་ཆེས་ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ལ་འགན་ཁུར་མཁན་སུ་སླེབས་ནའང་རྟག་ཏུ་རྒྱབ་སྐྱོར་འགྱུར་བ་མེད་པ་གནང་བསྡད་པ་དེ་མཛད་འཕྲིན་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད། བོད་མིའི་སྒྲིག་འཛུགས་ཡོད་པར་བརྟེན་ནས་བོད་རྒྱལ་ཁབ་ཅེས་པ་དེ་ཡོད་པའི་རྣམ་པ་ཐོན་ཐུབ་ཀྱི་ཡོད། བོད་གསོན་པོར་གནས་ཐུབ་རྒྱུར་རིན་པོ་ཆེས་མཛད་འཕྲིན་གང་བསྐྱངས་པའི་ཐོག་ནས་ང་ཚོས་ལེགས་ཆ་བླངས་ནས་སློབ་སྦྱོང་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག
དེ་བཞིན་སིང་གྷ་ལའི་རྒྱལ་ཁབ་ནང་ལའང་། ཆོས་བྱེད་མི་སྣས་རྒྱལ་ཁབ་དང་ཆོས་ལུགས་ལ་ཞབས་འདེགས་ཞུ་མཁན་ཤུགས་ཆེན་པོ་བྱུང་འདུག དཔེར་ན་དྷར་མ་པཱ་ལཱ་ (Anagārika Dharmapāla)ལྟ་བུ་མཚོན་ན། ཕྱི་ལོ་ ༡༨༦༤ ལོར་སྐུ་འཁྲུངས་ཤིང་དགུང་ལོ་ ༦༨ ཙམ་བཞུགས་འདུག ཁོང་གིས་སིང་གྷ་ལའི་རྒྱལ་ཁབ་ཨིན་ཇིའི་དབང་བསྒྱུར་འོག་ནས་རང་དབང་འཐབ་རྩོད་ཐོག་ལ་མཛད་རྗེས་དང་། རྒྱ་གར་ནང་ནང་ཆོས་སླར་གསོ་གནང་བ། སྟོན་པའི་གནས་ཆེན་ཁག་ངོས་འཛིན། ནུབ་ཕྱོགས་ནང་ཐོག་མར་ནང་ཆོས་གསུང་མཁན་ཡིན་པ་སོགས་མཛད་འཕྲིན་ཆེན་པོ་བསྐྱངས་ཡོད། བཀའ་ཟུར་ཀིརྟི་རིན་པོ་ཆེ་ལྟ་བུ་ཡིན་ན་བོད་ཀྱི་ཆོས་ཀྱི་དབུ་ཁྲིད་གལ་ཆེ་ཞིག་དང་། བོད་མིའི་རང་དབང་སླར་གསོའི་ཐོག་ལ་སྐུ་ངལ་ཆེན་པོ་བསྐྱོན་མཁན། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་གནང་མཁན་གཙོ་བོ་ཞིག་ཆགས་བསྡད་ཡོད་རེད།
ད་ལན་འདིར་རིན་པོ་ཆེ་ཐུགས་རྒྱུས་ཡོད་མཁན་རྣམས་ནས་རིན་པོ་ཆེའི་དགོངས་གཞི་མི་འདྲ་བའི་ཐོག་ལ་བགྲོ་གླེང་གསུང་བཤད་གནང་རྒྱུའི་ལས་རིམ་ཞིག་བསྒྲིགས་འདུག དེའི་ཐོག་ནས་ཚང་མར་ཐུགས་ཕན་གསོ་ཡི་རེད་བསམ་གྱི་འདུག དེ་རིང་མཛད་སྒོར་བཅར་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་། བསྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་མཛད་རྣམ་གྱི་རྩོམ་སྒྲིག་པ་ཀིརྟིའི་དྲུང་ཡིག་འབྲིང་བ་འཇིགས་མེད་ལགས་ནས་སྲིད་དོན་མཛད་རྣམ་ཤར་སྟག་མོའི་བུ་ཡི་སྐོར་ངོ་སྤྲོད་དང་། ཀི་རྟིའི་བྱེས་པ་གྲྭ་ཚང་གི་སློབ་སྤྱི་སོ་རུ་དར་རྒྱས་ལགས་ནས་མཛད་རྣམ་དང་འབྲེལ་བའི་བགྲོ་གླེང་ལས་རིམ་སྐོར་ངོ་སྤྲོད། དཔལ་ལྡན་ཚོགས་གཙོ་མཆོག་བརྒྱུད་ཐེངས་འདིའི་མཛད་རྣམ་དང་འབྲེལ་བའི་བརྗོད་གཞི་ཁག་བཞིའི་ཐོག་བགྲོ་གླེང་གསུང་བཤད་གནང་མཁན་རྣམས་ལ་ཕྱག་རྟགས་གནང་བ། ཀིརྟིའི་བྱེས་པ་གྲྭ་ཚང་གི་སྐུ་ཚབ་མ་སངས་བརྩོན་འགྲུས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སྟེ། དབུ་འབྱེད་མཛད་སྒོ་གྲུབ་པ་དང་། དེ་ནས་བགྲོ་གླེང་གནང་མཁན་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་བཅས་ཀྱིས་བརྗོད་གཞི་སོ་སོའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་བཅས་གནང་སོང་།
མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། རྡ་ས་ཁུལ་གྱི་ཤེས་ཡོན་བསྟི་གནས་ཁག་གི་འགན་འཛིན། ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་འབྲེལ་ཡོད། གཞན་ཉམས་ཞིབ་པ་དང་སློབ་ཕྲུག་སོགས་མང་པོ་ཕེབས་འདུག་པ་བཅས།