༄༅། །བོད་མི་མང་དབུས་གཙང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་ཁྲིམས་ཞིབ་པ་གཞན་ལ་བདམས་ཐོན་བྱུང་རྗེས། ཕྱི་ལོ་ ༢༠༢༥ ཟླ་ ༤ པའི་ཚེས་ ༢ ཉིན་ནས་སྐབས་ ༡༧ པའི་སྤྱི་འཐུས་ནས་རྩ་དགོངས་ཞུས་པའི་སྙན་ཞུ་འབྱོར་མཚམས། དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༢ པའི་དགོངས་དོན་ལྟར། ཕྱི་ལོ་ ༢༠༢༡ ལོའི་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་དབུས་གཙང་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་བང་རིམ་དང་པོ་བསམ་གཏན་ཆོས་སྒྲོན་ལགས་ནས་ཚོགས་དྲུང་ལས་ཁུངས་སུ་ལས་ཁུར་དམ་འབུལ་ཞུ་སྒོ་འབྲེལ་གཏུགས་དགོས་པའི་བརྡ་ཐོ་བཏང་འབྱོར་བཞིན། དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༤ པའི་ཚེས་ ༡༦ རེས་གཟའ་ལྷག་པའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མདུན་དུ་བདམས་ཐོན་དབུས་གཙང་ཆོལ་ཁའི་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས་ཀྱིས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་གྲོས་ཚོགས་ཚོགས་ཁང་ནང་ལྷན་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་དཀར་གཙང་མཇལ་དར་བསྒྲོན་འབུལ་དང་། དེ་རྗེས་བདམས་ཐོན་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས་ནས་ཀྱང་དེ་མཚུངས་ཞུས་གྲུབ་མཚམས་དཔལ་ལྡན་ཚོགས་གཙོ་མཆོག་གི་མདུན་ནས་ལས་ཁུར་དམ་འབུལ་དང་། དམ་འབུལ་མ་དེབ་ཐོག་མཚན་རྟགས་བཀོད་གནང་སོང་།
དེ་རྗེས་སྤྱི་ལྷན་ཚོམས་ཆེན་ནང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ། ཚོགས་དྲུང་བཅས་ནས་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག་ལ་འཚམས་འདྲིའི་མཇལ་དར་བསྒྲོན་འབུལ་ཞུས་རྗེས། རྟེན་འབྱུང་གསོལ་ཇ་དང་། འབྲས་སིལ་འདེགས་འབུལ་ཞུས་ཏེ། ཐེངས་འདིའི་དམ་འབུལ་མཛད་སྒོ་ལེགས་གྲུབ་བྱུང་ཡོད།
སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག་ཆུང་དུས་སྦེལ་ཀོབ་གཏན་འཇགས་སློབ་གྲྭར་གཞི་རིམ་སློབ་སྦྱོང་གནང་བ་དང་། དེ་ནས་ ༡༩༩༢ ལོར་མའེ་སོར་ཊེ་རི་ཤན་མཐོ་སློབ་ཁང་ནས་ཚོང་རྩིས་ཚན་པའི་ཐོག་བསླབ་པ་མཐར་ཕྱིན་གྱིས་རབ་འབྱམས་པའི་ལག་འཁྱེར་ཐོབ། མཐོ་སློབ་མཐར་ཕྱིན་རྗེས་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་འཛིན་སྐྱོང་ཐད་ཉམས་མྱོང་བསགས་ཡོད། ཕྱི་ལོ་ ༡༩༩༠ ལོར་ཐོག་མར་སྦེལ་ཀོབ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་མིར་འཛུལ་ཞུགས་གནང་། ༡༩༩༣ དང་ ༡༩༩༤ ལོར་སྦེལ་ཀོབ་དཔལ་འབྱོར་ལས་ཁུངས་ཀྱི་རྩིས་པའི་ལས་རོགས་དང་དྲུང་ཡིག་གཅིག་ལྕོགས་གནང་། ༡༩༩༥ ནས་ ༡༩༩༧ བར་སྐབས་དེའི་བཙན་བྱོལ་བོད་གཞུང་གི་སྤྱི་ཁྱབ་རྩིས་ཞིབ་ཁང་གི་རྩིས་ཞིབ་པའི་ལས་འགན་འཁྱེར། ༡༩༩༨ ནས་ ༢༠༠༩ བར་སྦེལ་ཀོབ་ལུགས་བསམ་མཉམ་སྦྲེལ་གྱི་རྩིས་པ་དང་དེ་རྗེས་འགན་འཛིན་ལས་རོགས། དེ་རྗེས་གནས་རིམ་འཕར་བའི་འགན་འཛིན་གྱི་ལས་འཁུར་ཞུས། ༢༠༠༩ ནས་ ༢༠༡༥ བར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་སྔ་རྗེས་ཐེངས་གཉིས་བསྟུད་མར་དབུས་རྒྱུན་དུ་འོས་འདེམས་བྱུང་སྟེ་ཚོགས་གཙོ་གཞོན་པ་དང་རྩིས་ཁང་འགན་འཛིན། འཛིན་སྐྱོང་འགན་འཁུར་འཐུས་གཙང་ཞུས། གོང་གི་ལས་ཞོར་དུ་ ༡༩༩༤ ནས་ ༡༩༩༦ བར་སྦེལ་ཀོབ་སྤུ་ཧྲེང་བདེ་དོན་ཚོགས་པའི་ནང་དང་བླངས་ཐོག་དྲུང་ཆེ་དང་རྩིས་པའི་འགན་འཁུར་ཞུས། ༡༩༩༨ ལོར་སྦེལ་ཀོབ་ས་གནས་བུད་མེད་ལྷན་ཚོགས་ཀྱི་རུ་དཔོན་འགན་འཁུར་འཐུས་གཙང་ཞུས། ༢༠༠༣ ནས་ ༢༠༠༦ བར་སྦེལ་ཀོབ་ས་གནས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ནང་རྩིས་པའི་འགན་འཁུར་ཞུས། ༢༠༠༦ ནས་ ༢༠༠༩ བར་བསྐྱར་དུ་འོས་བསྡུའི་ལམ་ནས་ལོ་གསུམ་རིང་སྦེལ་ཀོབ་ས་གནས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ནང་ཚོགས་གཙོའི་འགན་འཁུར་ཞུས། ༢༠༠༧ དང་ ༢༠༠༨ ལོར་སྦེལ་ཀོབ་སྟོད་པ་སྐྱིད་སྡུག་གི་རྒྱུན་ལས་འགན་འཁུར་ཞུས། ༢༠༠༨ ལོར་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་རྡ་ས་ནས་བོད་བར་གཞི་རྒྱ་ཆེ་བའི་བོད་བསྐྱོད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་སྐབས་སྤྱི་ཁྱབ་རྩིས་པའི་ལས་འཁུར་ཞུས། གོང་དུ་ཞུས་པའི་ལོ་ཡུན་དེའི་ནང་མཐོ་དམན་འདྲ་མིན་གྱི་ལས་འཁུར་ཞུ་སྐབས་སྔོན་རྩིས་བཏང་འཛིན། འཛིན་སྐྱོང་བྱེད་ཕྱོགས་སོགས་ཀྱི་ཐོག་ཐབས་བྱུས་དང་ལག་བསྟར་གནང་ཕྱོགས་ཐད་ལ་ཉམས་མྱོང་ཆེན་པོ་ཐོབ་ཡོད། དེས་མ་ཟད་ས་གནས་འདྲ་མིན་གྱི་མི་མང་དཀྱུས་མ་དང་ལྷན་དུ་དངོས་སུ་འབྲེལ་གཏུགས་ཀྱིས་ཁོང་རྣམ་པའི་གནས་སྟངས་དང་དཀའ་ངལ་སེལ་ཐབས་དང་ལམ་སྟོན་རྒྱབ་སྐྱོར་གནང་ཕྱོགས་ཐད་ལ་དམིགས་བསལ་གྱི་ཉམས་མྱོང་ཆེན་པོ་བསགས་ཡོད། ཕྱིའི་ཡུལ་གྲུ་ཁག་ནང་སྤྱི་དོན་ཆེད་དུ་ཚོགས་འདུ་བཅར་རྒྱུའི་གོ་སྐབས་མང་པོ་བྱུང་ཡོད། གཞན་ཡང་བོད་དོན་ལས་འགུལ་སྤེལ་ཕྱོགས། ལས་རིགས་ཁག་ལ་སྦྱོང་བརྡར་དང་ཟབ་སྦྱོང་སྤྲོད་ཕྱོགས་ཐད་ལ་ཡང་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་ཡོད། ཕྱི་ལོ་ ༢༠༡༦ ལོར་སྐབས་བཅུ་དྲུག་པའི་སྤྱི་འཐུས་སུ་འོས་འདེམས་ཀྱིས་ལས་ཁུར་ཞུས་ཡོད་པ་བཅས།