སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་དགུ་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༧ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དགུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ པའི་ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་དགུ་པ་ཚོགས་གནང་ཡོད།

དེ་ཉིན་མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། གཏན་འབེབས་གནང་ཞིང་། དེ་ཡང་སྦེལ་ཀོབ་འཚོ་བྱེད་སྨན་ཁང་དང་། ལྡི་ལི་སྨན་ཁང་། བསུ་ན་མདའ་ས་གནས་འཕྲོད་བསྟེན་སྨན་ཁང་། མངོན་དགའ་སློབ་གྲྭ་བཅས་ཀྱི་ཟུར་བཀོལ་སྔོན་རྩིས་དང་། བལ་ཡུལ་སྣེ་ལེན་ཁང་གི་རྒྱུན་གྲོན་དང་། སོ་ན་ལི་སྣེ་ལེན་ཁང་གི་རྒྱུན་གྲོན། དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་དམིགས་བསལ་སྔོན་རྩིས། ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་སྔོན་རྩིས་བཅས་གྲོས་ཚོགས་ནས་གཏན་འབེབས་གནང་བ་དང་། དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་རྩིས་ལོ་ ༢༠༢༥་་་༢༦ ལོའི་ཟུར་བཀོལ་སྔོན་རྩིས་ཐོག་ཧིན་སྒོར་ ༢,༠༢༧,༧༣༨ གཅོག་ཆའི་གྲོས་འཆར་ཞིག་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བཏོན་གནང་བར། དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་རྗེས་གྲོས་ཚོགས་ནས་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཟུར་བཀོལ་སྔོན་རྩིས་གཏན་འབེབས། ཤེས་རིག་ལས་ཁུངས་ཀྱི་རྩིས་ལོ་ ༢༠༢༥་་་༢༦ ལོའི་ཟུར་བཀོལ་སྔོན་རྩིས་ཐོག་ཧིན་སྒོར་ ༦༦,༨༠༠,༡༣༩ གཅོག་ཆའི་གྲོས་འཆར་ཞིག་དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བཏོན་གནང་བར། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་རྗེས་གྲོས་ཚོགས་ནས་ཤེས་རིག་ལས་ཁུངས་ཀྱི་ཟུར་བཀོལ་སྔོན་རྩིས་གཏན་འབེབས། སམ་བྷོ་ཊ་བོད་སློབ་ཚོགས་པའི་རྩིས་ལོ་ ༢༠༢༥་་་༢༦ ལོའི་ཟུར་བཀོལ་སྔོན་རྩིས་ཐོག་ཧིན་སྒོར་ ༦,༡༩༨,༣༠༠ གཅོག་ཆའི་གྲོས་འཆར་ཞིག་དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བཏོན་གནང་བར། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་རྗེས་གྲོས་ཚོགས་ནས་སམ་བྷོ་ཊ་བོད་སློབ་ཚོགས་པའི་ཟུར་བཀོལ་སྔོན་རྩིས་གཏན་འབེབས་གནང་སོང་།

ཤེས་རིག་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག སྤྱི་འཐུས་རྣམ་པས། བྱིས་པའི་སྒྲུང་དེབ་རྩོམ་སྒྲིག་གནང་ཕྱོགས་དང་། རྒས་ཡོལ་ལ་ཕེབས་མཁན་སློབ་གྲྭ་ཁག་གི་ལས་བྱེད་རྣམས་ལ་བགྲེས་ཤག་གི་མཐུན་འགྱུར་སྦྱར་ཐབས། རྡ་ཤོད་བོད་ཁྱིམ་སློབ་གྲྭའི་གནས་སྟངས། གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་དང་། རིན་མེད་མཐུན་འགྱུར་གནང་མིན་སྐོར། གཟའ་མཇུག་སློབ་གྲྭའི་དང་བླངས་དགེ་རྒན་རྣམས་ལ་ལེགས་སོའི་ཕྱག་ཁྱེར་གནང་དགོས་པ། སློབ་གྲྭ་ཟླ་བསྒྲིལ་གྱི་གནས་སྟངས། ཐ་སྙད་གཏན་འབེབས་ཞུ་ཕྱོགས་སྐོར། དབུས་བོད་སློབ་འཛིན་ཚོགས་ཀྱི་ཆོད་གན་ལས་བྱེད་རྣམས་གཏན་འཇགས་ལས་བྱེད་དུ་བསྐོ་གཞག་གནང་ཕྱོགས། དགེ་རྒན་གྱི་གནས་ཚད་ཡར་རྒྱས་དང་། གླ་ཕོགས་སྤར་དགོས་པ་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བར། དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

ཚོགས་ཐུན་ལྔ་པར་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་ནང་སྲིད་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་བགྲོ་གླེང་གནང་འགོ་འཛུགས་ཤིང་།  སྤྱི་འཐུས་རྣམ་པས། སྡོད་ཁང་གསར་རྒྱག་གི་ལས་གཞིར་བསྔགས་བརྗོད་དང་། བལ་ཡུལ་ནང་གི་བོད་མིའི་དཀའ་ངལ། སྤྱི་སྨན་འཛུགས་བསྐྲུན་ལས་གཞི། སྦན་རྡ་ར་མཉམ་འབྲེལ་གྱི་གནས་སྟངས་སྐོར་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བར། དཔལ་ལྡན་སྲིད་སྐྱོང་དང་། ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།