༄༅། ། སྐུ་ཞབས་ཨོམ་ བྷིར་ལཱ་ (Shri. Om Birla) མཆོག་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོར་སྐབས་གཉིས་རིང་བསྟུད་མར་བདམས་ཐོན་བྱུང་བར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། ད་ལན་སྐུ་ཉིད་གྲོས་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་བྱུང་བ་དེས་སྐུ་ཉིད་ཀྱི་དབུ་ཁྲིད་གནང་ཕྱོགས་ཀྱི་ནུས་པ་དང་། མི་མང་གིས་ཡིད་ཆེས་ཆེན་པོ་ཡོད་པ་གསལ་པོར་མཚོན་གྱི་ཡོད། སྐུ་ཉིད་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་ལོ་མང་ཞབས་ཕྱི་ཧུར་ཐག་ཞུས་པ་མ་ཟད། གཟེངས་སུ་ཐོན་པའི་གྲུབ་འབྲས་བྱུང་ཡོད་པ་ནི་བསྔགས་འོས་སུ་གྱུར་བ་ཞིག་ཆགས་ཀྱི་ཡོད།
རྒྱ་གར་གཞུང་མང་གཉིས་ནས་ལོ་ངོ་དྲུག་ཅུ་ལྷག་གི་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་རྣམས་ལ་མཐུན་འགྱུར་དང་། བོད་ཀྱི་བདེན་པའི་རྩ་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འབྱུང་འགྱུར་མུ་མཐུད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་སྐུ་ཉིད་ནས་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན།
ངས་སླར་ཡང་སྐུ་ཉིད་ལ་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་ཀྱི་ལས་ཡུན་རིང་རྒྱ་གར་གྲོས་ཚོགས་འོག་མའི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས།