བྷི་རི་སི་བྷེན་གྲོང་ཁྱེར་དུ་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༣༣ འཁོར་བའི་དུས་དྲན་མཛད་སྒོ་ཞིག་སྲུང་བརྩི་ཞུས་པའི་ཐོག་ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་མཉམ་ཞུགས་དང་། དེ་བཞིན་ཨོ་གླིང་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

༄༅། ། ཁུན་སི་ལེན་ཌི་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༢ ཟླ་ ༡༢ པའི་ཚེས་ ༡༠ ཉིན་བྷི་རི་སི་བྷེན་ (Brisbane) གྲོང་ཁྱེར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༣༣ འཁོར་བའི་དུས་དྲན་མཛད་སྒོ་ཞིག་སྲུང་བརྩི་ཞུས་པའི་ཐོག་ཨོ་སི་ཀྲོ་ལི་ཡའི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་གདན་ཞུས་ལྟར་མཉམ་ཞུགས་གནང་ཡོད་པ་དང་། དེ་བཞིན་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་མཆོག གཞན་སྐུ་མགྲོན་དུ་མཁན་ཟུར་རིན་པོ་ཆེ་མཆོག ཁུན་སི་ལེན་ཌི་ས་གནས་ཀྱི་ཝི་ཊི་ནམ་ཚོགས་པའི་ཚོགས་གཙོ་སོགས་ཕེབས་གནང་ཡོད་འདུག

མཛད་སྒོའི་ཐོག་ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱངས་དང་སྦྲགས། དེ་རིང་གི་དུས་བཟང་ཉིན་མོར་ཚང་མས་དགའ་སྤོབས་བྱེད་དགོས་སྐོར་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ཚང་མས་ཤར་བསྐྱོད་བྱེད་དགོས་པ།  བྱམས་སྙིང་རྗེ་དང་། སེམས་པ་བཟང་པོ་གཙོ་བོར་བྱས་པའི་བོད་ཀྱི་རིག་གཞུང་རྣམས་རྒྱུན་འཛིན་གནང་དགོས་པ། རྒྱ་ནག་དམར་གཞུང་གི་བྱ་སྤྱོད་ལ་མི་ལྟོས་པར། ང་ཚོའི་ངོས་ནས་མུ་མཐུད་བཟང་སྤྱོད་དང་ལྡན་པའི་ཐོག་ནས་བོད་ནང་གི་གནད་དོན་རྣམས་རྒྱ་རིགས་སོགས་ཕྱིའི་མི་རིགས་ཁག་ལ་འགྲེལ་བརྗོད་གནང་དགོས་པ་གལ་ཆེན་པོ་ཡིན་གནས་སོགས་གསུངས་གནང་འདུག

སྐབས་དེར་ཁུན་སི་ལེན་ཌི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོས་ཚོགས་པའི་གནས་སྟངས་སྐོར་དང་། འདས་ལོའི་ནང་ལས་དོན་ཇི་བྱས་ཀྱིས་ལས་བསྡོམས་སྙན་སྒྲོན་གནང་འདུག་པ་དང་། གཞན་ཡང་མཛད་སྒོའི་ཐོག་བོད་ཀྱི་རིག་གཞུང་འཁྲབ་སྟོན་དང་། གཞས་སྣ་གཟིགས་འབུལ་ཞུས་པ། དེ་བཞིན་ཁུན་སི་ལེན་ཌི་བོད་རིགས་མཐུན་ཚོགས་ནས་དང་བླངས་དགེ་རྒན་རྣམས་ལ་ཕྱག་ཁྱེར་བཅས་ཕུལ་གནང་འདུག

ཕྱི་ཚེས་ ༡༡ ཉིན་སྤྱི་འཐུས་མཆོག་དང་། ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་མཆོག་རྣམ་གཉིས་སྤྱན་རས་གཟིགས་ཆོས་ཚོགས་སུ་ཆེད་ཕེབས་ཀྱིས་དེ་གའི་དགེ་བཤེས་ཚུལ་ཁྲིམས་ལགས་དང་ལྷན་མཇལ་འཕྲད་དང་། ཆོས་ཚོགས་ནང་གཟིགས་སྐོར་ཕེབས་ཡོད་ཅིང་། དེའི་སྐབས་སྤྱི་འཐུས་མཆོག་དང་། དོན་གཅོད་མཆོག་རྣམ་གཉིས་ཀྱིས་ཆོས་ཚོགས་ཀྱི་ལས་དོན་གནང་ཕྱོགས་ལ་བསྔགས་བརྗོད་གནང་རྗེས། ས་གནས་སུ་གནས་སྡོད་བོད་མི་དང་། མངའ་སྡེ་འདིའི་ནང་གི་མི་མང་དབར་འབྲེལ་ལམ་གནང་ཕྱོགས་དང་། མ་འོངས་པའི་དགོན་སྡེ་ཡར་རྒྱས་གཏོང་ཕྱོགས་བཅས་ཀྱི་ཐོག་དགོངས་ཚུལ་གསུངས་གནང་ཡོད་འདུག

ཕྱི་ཚེས་ ༡༢ ཉིན་སྤྱི་འཐུས་མཆོག་གིས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ལ་རེ་སཱ་ ཝ་ཊར་ས་ (Senator Larissa Waters) མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མེག་སི་ ཅན་ཊན་ལར་ མེ་ཐར་ (MP Max Chandanler Mather) མཆོག་རྣམ་གཉིས་དང་ལྷན་མཇལ་འཕྲད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་མི་ཡོང་སླད་ཨོ་གླིང་གཞུང་ནས་སྲིད་བྱུས་གཏན་འབེབས་གནང་སྐྱོང་ཡོང་བའི་སྐོར་དང་། ཨོ་གླིང་གྲོས་ཚོགས་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་གཏན་འབེབས་གནང་སྐྱོང་ཡོང་བ། ཨོ་གླིང་གྲོས་ཚོགས་ནས་རྒྱ་དམར་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པ་རྣམས་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་སོགས་ཉེ་ཆར་ཕྱི་ཟླ་ ༡༡ པའི་ནང་ཨོ་གླིང་གྲོས་ཚོགས་སུ་བོད་དོན་ཞུ་གཏུགས་ཀྱི་དོན་ཚན་རྣམས་མཇུག་སྐྱོང་གནང་དགོས་སྐོར་སོགས་གསུངས་གནང་འདུག སྐབས་དེར་གྲོས་ཚོགས་འཐུས་མི་རྣམ་པ་གཉིས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་སེམས་ཁུར་ཆེན་པོ་གནང་འདུག་པ་མ་ཟད། ཨོ་གླིང་ཕྱི་སྲིད་བློན་ཆེན་མཆོག་ལ་དེའི་སྐོར་ཞུ་རྒྱུའི་ཞལ་བཞེས་གནང་འདུག

གཞན་ཡང་སྤྱི་འཐུས་མཆོག་དང་། དོན་གཅོད་མཆོག་རྣམ་གཉིས་ཀྱིས་བྷི་རི་སི་བྷེན་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་ཝི་ཀེ་ ཧོ་ཝར་ཌི་ (Vicky Howard) ལགས་དང་། ཚོགས་མི་སྐུ་ཞབས་ཇཱ་ན་ཐན་  སི་རི་ (Janathan Sri) ལགས་བཅས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་ད་བར་ཁུན་སི་ལེན་ཌི་མངའ་སྡེའི་ནང་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་སྤྱི་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐོར་ངོ་སྤྲོད་ཞུས་གནང་རྗེས། འཚམས་འདྲིའི་མཇལ་དར་དང་། ཨིན་ཡིག་ཐོག་ཡོད་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་ “LIGHTING THE PATH” ཞེས་པ་ཕྱག་རྟགས་སུ་ཕུལ་གནང་འདུག དེའི་སྐབས་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་རྣམ་པ་གཉིས་ཀྱིས་མུ་མཐུད་ཁྱབ་ཁོངས་ས་གནས་སུ་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག

ཁུན་སི་ལེན་ཌི་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཕྱོགས་བཞུགས་སྤྱི་འཐུས་བསྟན་འཛིན་ཕུན་ཚོགས་མཆོག་དང་། ཨོ་གླིང་སྐུ་ཚབ་དོན་གཅོད་མཆོག་རྣམ་གཉིས་ནས་ཐེངས་འདིའི་ཉིན་གསུམ་རིང་གི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་ཡོད་འདུག་པ་བཅས། །