སྐབས་དེར་ཀར་ཌི་ཤི་མི་རིགས་ཀྱི་སྐུ་ཚབ་རྩོམ་པ་པོ་དང་། ལས་འགུལ་བ་སྐུ་ཞབས་ཀུར་ཌོ་ བྷག་སི་ (Mr. Kurdo Baksi, KURDISH Community Representative, Swedish Activist and Author) མཆོག་དང་། ས་མི་མི་རིགས་ཀྱི་སྐུ་ཚབ་ལྕམ་སྐུ་ཨིན་གྷར་ ཨེ་སི་ཡོ་ ཨེལ་བྷིན་སན་ (Mrs. Inger Axio Albinsson, SAMI Community Representative, Chairman of Sami Association of Stockholm, Sweden) མཆོག་རྣམ་གཉིས་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་བཅས་ནས་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་དང་། བོད་དོན་སྐོར་གསུང་བཤད་གནང་ཡོད་འདུག
ཕྱི་ཚེས་ ༢༤ ཉིན་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་སུད་ཌེན་གྲོས་ཚོགས་ཚོགས་ཁང་ནང་སུད་ཌེན་གཞུང་གི་གྲོགས་ཚོགས་འཐུས་མི་བཞི་དང་མཇལ་འཕྲད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། ཁོར་ཡུག་བཅས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པའི་སྐོར་སྙན་སེང་ཞུས་ཏེ། བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་ཡོད་པ་དང་། དེ་རྗེས་སུད་ཌེན་རྒྱལ་སའི་ནང་རྟེན་གཞི་བྱས་པའི་ལོ་རྒྱུས་ཡུན་རིང་ལྡན་པའི་འགྲེམས་སྟོན་ཁང་གྲགས་ཅན་ (Vasa Museum) དུ་གཟིགས་སྐོར་ཕེབས་གནང་ཡོད་པ་རེད།
ཕྱི་ཚེས་ ༢༥ ཉིན་སུད་ཌེན་གཞོན་སྐྱེས་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་ནང་མཉམ་ཞུགས་ཀྱིས་བོད་དོན་དྲིལ་བསྒྲགས་དང་། དེ་བཞིན་གོམ་བགྲོད་ལས་འགུལ་ནང་དུའང་མཉམ་ཞུགས་གནང་ཡོད་འདུག
ཉིན་རྒྱབ་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་སུད་ཌེན་ཕྱི་སྲིད་ལས་ཁུངས་ཀྱི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་མཆོག་དང་། སུད་ཌེན་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་མཆོག་རྣམ་གཉིས་དང་ལྷན་སུད་ཌེན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁུངས་ནང་དུ་མཇལ་འཕྲད་ཀྱིས་བོད་དོན་སྐོར་ཞུ་སྐུལ་གནང་ཡོད་པ་དང་།
དེ་བཞིན་སུད་ཌེན་རྒྱལ་ས་སི་ཊོག་ཧོམ་དུ་རྟེན་གཞི་བྱས་པའི་ཐེ་ཝན་གཞུང་ཚབ་ཆེན་མོ་སྐུ་ཞབས་པོལ་ ཧང་ (Mr. Paul Huang, the Acting Representative of the Taipei Mission in Sweden) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་བཅས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པའི་སྐོར་ཞུས་པ་དང་སྦྲགས། བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་གནང་ཡོད་པ་བཅས། །