སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད།

༄༅། །དེ་རིང་ང་ཚོ་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་རིམ་ཁག་ཡོངས་སུ་གྲུབ་པའི་གནས་སྟངས་ཆགས་བསྡད་ཡོད་རེད། ཚོགས་གཙོས་དེ་རིང་མར་གཏམ་བཤད་གནང་རྒྱུ་དེ། བཀོད་ཁྱབ་འདྲ་པོ་དང་། ལམ་སྟོན། ཐག་གཅོད་དེ་འདྲ་གང་ཡང་མ་རེད། ཚོགས་འདུ་དང་འབྲེལ་བའི་ཐོག་ནས་ལས་རིམ་གྱི་གྲུབ་འབྲས་དང་། གནད་དོན་ཁག་ཅིག་སྙན་སེང་ཞུ་དགོས་པ་དེ་འདྲ་ཡོང་གི་ཡོད་རེད། དེ་འདྲའི་ཐོག་ནས་ཚོགས་གཙོས་སྙན་སེང་ཞུ་རྒྱུར། ད་ལྟ་གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་སུ་ལས་ཉིན་ལྔ་ཆགས་བསྡད་ཡོད་རེད། ན་ནིང་དང་པོའི་སྐབས་སུ་རྩ་བའི་འཛིན་སྐྱོང་གི་ལས་དོན་ཐད་ཀར་འབྲེལ་བ་ཡོད་མ་རེད། བཀའ་བློན་གྱི་འོས་འདེམས་ཙམ་མ་གཏོགས། དེ་མ་ཡིན་པའི་བོད་ནང་གི་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོས་གྲོས་འཆར་དང་། དེ་འདྲའི་གནས་སྟངས་ཐོག་ལ་དུས་ཚོད་མང་བ་བཏང་ཡོད་པ་རེད། དེ་རིང་ཚོགས་ཐེངས་གཉིས་པ་དེར་དངོས་སུ་འཛིན་སྐྱོང་གི་ལས་དོན་དང་འབྲེལ་བ་ཆགས་པ་ཞིག ལས་ཉིན་མང་བ་དེའི་ཐོག་ལ་བྱུང་ཡོད་པ་རེད། དེ་ཡིན་དུས་ང་ཚོས་གྲོས་ཚོགས་ཚོགས་དུས་གཉིས་པའི་ཉིན་དང་པོའི་ཐོག་རྩ་བའི་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞི་འཇོག་ཐུབ་པ་བྱུང་ཡོད་རེད། ང་ཚོའི་སྤྱི་འཐུས་ཟུར་པ་གཉིས་དང་། དེ་བཞིན་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྙན་གྲགས་ཅན་གྲོགས་པོ་གཉིས་འདས་གྲོངས་སུ་གྱུར་བ་དེ་ལ་མྱ་ངན་གུས་འདུད་འཇོག་གནང་བ་དང་། གྲོས་ཆོད་འཇོག་པའི་སྐབས་སུ་ཡིན་ནའང་། བཀུར་འོས་སྤྱི་འཐུས་རྣམ་པས་དགོངས་ཚུལ་གསུངས་པ་གཞིར་བཟུང་། ང་ཚོས་གྲོས་ཆོད་དེ་ཚོ་ཨིན་ཡིག་ཐོག་ལ་བསྒྱུར་ཆེད་འཛིན་སྐྱོང་ལ་ཡར་ཕུལ་ཟིན་པ་ཡིན། རིང་མིན་ཁུངས་སོ་སོར་འབུལ་གཏོང་ཞུ་རྒྱུ་དང་། མཇུག་སྐྱོང་བྱ་རྒྱུའི་གནས་སྟངས་དེ་འདྲ་ཞིག་ཆགས་བསྡད་ཡོད་ཞུ་རྒྱུ་ཡིན།

དེ་ནས་ལས་རིམ་གལ་ཆེ་བ་གཅིག་དེ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེ་ཆགས་བསྡད་ཡོད་རེད། དེའི་ཐོག་ལ་བཀུར་འོས་སྤྱི་འཐུས་རྣམ་པ་ ༤༠ བསྟུད་མར་ཆ་ཤས་བཞེས་མཁན་ཁ་ཤས་བྱུང་ཡོད་པ་རེད་མ་གཏོགས། སྤྱི་འཐུས་ ༤༠ ལྷག་ཙམ་གྱིས་ཆ་ཤས་བཞེས་སོང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་རེད། འཛིན་སྐྱོང་ནས་གསལ་བཤད་ལན་འདེབས་གནང་དགོས་པ། དེ་འདྲ་གནང་བའི་ཐོག་ནས་ལས་རིམ་འདི་ཧ་ཅང་ཡག་པོ་བྱུང་སོང་། དེ་བཞིན་བཀུར་འོས་སྤྱི་འཐུས་གཉིས་ཙམ་གྱིས་གྲོས་ཆོད་ལའང་བཟོ་བཅོས་གྲོས་ཆོད་ཕེབས་པ། དེ་ནས་གྲོས་ཆོད་བདུན་ཆ་ཚང་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་བྱུང་ཐུབ་པའི་གནས་སྟངས་དེ་ཡག་པོ་བྱུང་སོང་། གཙོ་བོ་གྲོས་ཆོད་དགོངས་དོན་གཞིར་བཟུང་སྟེ་བོད་ནང་གི་གནས་སྟངས་བཟང་དུ་འགྲོ་ཐུབ་པ། དེའང་རྒྱ་ནག་གི་ད་ལྟའི་དབང་འཛིན་པའི་མཉམ་དུ་ཐད་ཀར་འབྲེལ་བ་ཆགས་སྡོད་དུས། རྒྱ་ནག་གི་འགོ་ཁྲིད་ཀྱི་བསམ་བློ་གཏོང་ཕྱོགས་ཡིན་ནའང་། ང་ཚོས་ཏོག་ཙམ་གུ་ཡངས་བ། གཙོ་བོ་ང་ཚོས་བོད་རྒྱ་འབྲེལ་མོལ་དང་། དེ་འདྲའི་ཐོག་ནས་བོད་དོན་དཀའ་རྙོག་སེལ་ཐུབ་པར་དགོངས་པ་བཞེས་དགོས་རྒྱུའི་འབོད་བསྐུལ་བསྐྱར་དུ་ཞུ་རྒྱུ་ཞིག་རེད།

དེ་བཞིན་ང་ཚོར་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་དང་། སྒེར། གཞུང་དེ་ཚོ་ལ་ཐུགས་རྗེ་ཆེ་ཞུ་ཞིག་དང་། ལྷག་པར་དུ་བོད་དོན་གྱི་རྩ་དོན་གྱི་འཐབ་རྩོད་ཡིན་ནའང་འདྲ། དེ་བཞིན་ཆོས་དང་རིག་གཞུང་། ག་རེའི་ཐོག་ལ་ཡིན་ནའང་། གཙོ་བོ་བོད་མི་རང་གིས་ཤུགས་རྒྱབ་དགོས་རྒྱུ། དེའི་ཐོག་ནས་རྣམ་དཔྱོད་བཏོན་པའི་ཐོག་ནས་རྒྱལ་སྤྱིའི་ནང་ལ་རྒྱབ་སྐྱོར་འཚོལ་ཐུབ་དགོས་པ། ལྷག་པར་དུ་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་དེར་འགྱུར་བ་འགྲོ་ཐུབ་དགོས་རྒྱུའི་གནས་བབ་བཟོ་ཐུབ་རྒྱུ་གལ་ཆེན་པོ་ཆགས་བསྡད་པའི་རྣམ་འགྱུར་འདྲ་པོ་དེ་གྲོས་ཆོད་རིམ་པ་འདིའི་ཐོག་ནས་གསལ་པོ་བྱུང་ཡོད། དེ་གཅིག་ཞུ་རྒྱུ་ཡིན།

དེ་བཞིན་ང་ཚོས་ལས་ཉིན་མང་བ་དེ་ལྷན་ཁང་ཆེ་ཁག་བདུན་གྱི་ལས་བསྡོམས་སྙིང་བསྡུས་ཐོག་བགྲོ་གླེང་དང་། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱིས་ལྷན་ཁང་ཆེ་ཁག་བདུན་གྱི་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་དེའང་དེ་རིང་འདིར་ཕེབས་ཡོད་པ་རེད། དེ་ཚོའི་ཐོག་ལ་སྤྱི་ཡོངས་ཀྱི་བགྲོ་གླེང་དང་། འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་གསལ་བཤད་ལན་འདེབས། སྤྱི་ཡོངས་ཀྱི་ཐོག་ནས་དེ་རིང་གི་ལས་རིམ་འདི་ཚགས་ཚུད་པོ་ཡག་པོ་བྱུང་སོང་བསམ་པའི་ཚོགས་གཙོ་གཉིས་ལ་དེ་འདྲའི་ཚོར་བ་བྱུང་། དེ་བཞིན་རྩ་བའི་ལས་བསྡོམས་ལྟ་བུ་མཚོན་པ་ཡིན་ན། བཀའ་ཤག་གོང་མའི་ལས་བསྡོམས་ཆགས་བསྡད་ཡོད་པ་རེད། ཡིན་ནའང་། ད་ལྟའི་བཀའ་ཤག་གསར་པའི་ཐོག་ནས་འགན་འཁུར་བའི་ཐོག་ནས། ལས་དོན་རྒྱུན་སྐྱོང་བྱ་རྒྱུའི་གཞི་ལྟ་བུ་ཟིན་ས་འདྲ་པོ་ཞིག རྩ་བའི་ལས་བསྡོམས་དེ་ཚོ་གྲས་ལས་རིམ་ནང་འཁོད་པ་གཞིར་བཟུང་བཀུར་འོས་སྤྱི་འཐུས་རྣམ་པའི་ཐོག་ནས་དགོངས་ཚུལ་ཕེབས་ཡོད་པ་རེད། ལས་རིམ་ནང་འཁོད་ལས་བསྡོམས་ནང་དུ་ལྷན་ཁང་སོ་སོའི་ལས་འཆར་དང་འབྲེལ་བ་ཆགས་པ་དེ་ཚོ་རྒྱ་སྐྱེད་གཏོང་དགོས་ནའང་འདྲ་འདུག དེ་བཞིན་ཞིབ་འཇུག་བྱེད་དགོས་ནའང་འདྲ། གནས་སྟངས་མང་པོ་ཞིག་ལ་འཛིན་སྐྱོང་ལའང་ཏན་ཏན་ཐུགས་ཕན་གསོས་པ་ཞིག་དང་། བཀའ་ཤག་གོང་མས་ཕྱག་ལས་གང་གནང་བ་དེ་གྲོས་ཚོགས་ཀྱི་དེབ་ཐེར་ནང་དུ་ལྷག་ཐུབ་པ་ཞིག མང་ཚོགས་ནང་དུའང་གནད་དོན་གང་ལ་གང་འཚམ་གསལ་པོ་མཁྱེན་ཐུབ་པའི་གནས་སྟངས་ཆགས་ཡོད་རེད། ཚོགས་གཙོ་གཉིས་ལ་དེ་འདྲའི་བསམ་ཚུལ་བྱུང་།

དེ་ནས་གྲོས་ཚོགས་ནང་དུ་བགྲོ་གླེང་ཞུ་བའི་སྐབས་སུ། དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་ཐོག་ནས། ཁྱབ་ཁོངས་ཀྱི་སྡེ་ཚན་གཅིག་ཙམ་ལ་གྲོས་ཚོགས་ཀྱི་ངོས་ནས་ཞིབ་འཇུག་ཚོགས་ཆུང་བཙུགས་ན། འཛིན་སྐྱོང་གིས་ཞིབ་འཇུག་ཚོགས་ཆུང་གང་བཙུགས་པའི་སྙན་ཐོ་གཞིར་བཟུང་ལག་བསྟར་ཞུ་རྒྱུ་ཡིན་ཞེས་བཀའ་གསལ་པོ་ཕེབས་ཡོད་པ་རེད། དེ་གཞིར་བཟུང་ང་ཚོས་འབྲེལ་བ་ག་པར་ཆགས་ཀྱི་འདུག དེར་གོ་བསྡུར་ཞུས་ནས་ང་ཚོས་མཇུག་སྐྱོང་བྱེད་ཕྱོགས་དེ། གྲོས་ཚོགས་ཚོགས་དུས་གསུམ་པའི་སྐབས་སུ་ཡོང་ཐུབ་རྒྱུའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། དེ་གཅིག་སྙན་སེང་ཞུ་རྒྱུ་ཡིན།

གཞན་ཞིག་ལ། ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་གི་སྙན་ཐོ་དེའང་འདིར་སླེབས་བསྡད་ཡོད་རེད། སྙན་ཐོའི་ནང་དུ་རྣམ་པ་ཚོས་མཁྱེན་པ་གཞིར་བཟུང་རེད། ཁྲིམས་ཞིབ་པ་ཆེ་བའི་འོས་ཆོས་ཚང་བའི་འོས་མི་མ་རག་པའི་གནས་སྟངས་ཁ་གསལ་པོ་བྱས་ནས་འདིར་ཕེབས་ཡོད་པ་རེད། དེའི་རྗེས་འབྲས་ཁ་སང་ངས་གྲོས་ཚོགས་ནང་དུ་སྙན་སེང་ཞུས་པ་ཡིན། དེའི་མཇུག་སྐྱོང་བྱེད་སྟངས་དེའི་ཐོག་ལ་ང་ཚོས་གོ་བསྡུར་བྱས་ནས། དེའང་མཇུག་སྐྱོང་ཞུ་རྒྱུ་ཆགས་བསྡད་ཡོད་རེད་ཞུ་རྒྱུ་ཡིན།

དེ་བཞིན་གོང་དུ་མཛད་གཙོ་རྣམ་པའི་ཕོགས་རིམ་ཚད་འཛིན་གྱི་སྒྲིག་གཞི་དེ་རེད། རྩ་བའི་ཕོགས་ཀྱི་ཕོགས་རིམ་དེ་ཕྱི་ ༢༠༢༡ ཟླ་ ༤ ནས་ལག་བསྟར་བྱས་བཞག་པ་ཞིག་ཆགས་ཀྱི་ཡོད་རེད། ཡིན་ནའང་། ཚད་འཛིན་སྒྲིག་གཞི་གཞིར་བཟུང་གི་ཐོག་ནས་གྲོས་ཚོགས་ནང་དུ་སྙན་སེང་བཀའ་འཁྲོལ་ཞུ་དགོས་པའི་གནས་སྟངས་ཆགས་སྡོད་དུས། དེ་གོང་དུ་སྒྲིག་གཞི་གཞིར་བཟུང་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་མོས་མཐུན་བྱུང་ཐུབ་པ་བྱུང་ཡོད་རེད། དེ་གཅིག་ཞུ་རྒྱུ་ཡིན།

དེ་ནས་ད་ལྟ་ང་ཚོས་གྲོས་ཚོགས་ཚོགས་དུས་གཉིས་པ་སྐྱོང་པའི་སྐབས་སུ། ནམ་རྒྱུན་འདྲ་ཡིན་ན་གྲོས་ཚོགས་ནང་དུ་ཚིག་ཆ་བེད་སྤྱོད་གཏོང་སྟངས་རེད། ལྷག་པར་དུ་སྤྱི་འཐུས་ནང་ཁུལ་ཚིག་བེད་སྤྱོད་གཏོང་སྟངས་དེ་འདྲ་ཡང་སེ་ཡོང་གི་ཡོད་པ་རེད། ཡིན་ནའང་། ད་ལྟའི་གྲོས་ཚོགས་ལྟ་བུ་མཚོན་པ་ཡིན་ན་དེ་འདྲ་ཞེ་དྲག་ཅིག་བྱུང་མ་སོང་། གང་ལ་གང་འཚམ་ཆེ་མཐོང་དང་ལྡན་པའི་ཐོག་ནས་ཡག་པོ་བྱུང་སོང་བསམ་པའི་ཚོར་སྣང་བྱུང་། མ་འོངས་པར་ཡིན་ནའང་དེ་འདྲའི་དགོངས་པ་བཅང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག

དེ་ནས་བགྲོ་གླེང་གི་དྲི་བ་དྲི་བའི་སྐབས་སུ་ཡིན་ནའང་འདྲ་འདུག དགོངས་ཚུལ་གསུང་པའི་སྐབས་སུ་ཡིན་ནའང་འདྲ། འཛིན་སྐྱོང་གི་ཐོག་ནས་ལན་འདེབས་གསལ་བཤད་གནང་བའི་སྐབས་སུ་ཡིན་ནའང་འདྲ། ཏོག་ཙམ་གནད་དོན་དང་འབྲེལ་བའི་ཐོག་ནས་དུས་ཚོད་མང་ཉུང་གཏོང་དགོས་པ་ཡང་སེ་ཡོང་གི་འདུག དེ་ཡིན་དུས་འཛིན་སྐྱོང་གི་བཀའ་བློན་རྣམ་པ་གསར་པ་ཕེབས་ཚར་ཙམ་རེད། གྲོས་ཚོགས་ཀྱི་འཐུས་མི་ཡིན་ནའང་དངོས་སུ་འཛིན་སྐྱོང་གི་ལས་དོན་ལ་ཞུགས་པ་ཐེངས་དང་པོ་ཡིན་ཙང་། ང་ཚོའི་ངོས་ནས་ཏོག་ཙམ་གུ་ཡངས་པོ་འདྲ་པོ་ཞིག་བྱེད་པའི་བསམ་བློ་ཡིན། ཡང་ཐད་ཀར་བཀའ་མོལ་གསུང་སྟངས་རེད། ཆ་ཤས་བཞེས་སྟངས་རེད། དེ་ཚོར་ཐད་ཀར་སྟངས་འཛིན་འདྲ་བྱས་བསྡད་པ་ཡིན་ན། ཡང་ཏོག་ཙམ་སེམས་འཚབ་འདྲ་བའི་ཐོག་ནས་ལས་རིམ་ཐོག་ལ་ཏོག་ཙམ་བར་ཆད་ཀྱི་རྣམ་པ་འདྲ་པོ་ཆགས་མི་ཡོང་བསམ་པ་ཞིག་བྱུང། དེ་ཡིན་དུས་ག་ཚོད་ཐུབ་ཐུབ་གུ་ཡངས་སུ་བཏང་བའི་གནས་སྟངས་དེ་འདྲ་ཞུས་ཡོད། མ་འོངས་པར་གཙོ་བོ་ཚོགས་འདུ་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་དགོངས་ཚུལ་གསུངས་པ་ཡིན་ནའང་འདྲ། དྲི་བ་བཏོན་པ་ཡིན་ནའང་འདྲ། གསལ་བཤད་ལན་འདེབས་ག་རེ་གནང་བ་ཡིན་ནའང་ཐད་ཀར་འབྲེལ་བ་ཡོད་པའི་ཐོག་ལ་གོ་སྐབས་འཛིན་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག དེ་གཅིག་ཞུ་རྒྱུ་ཡིན།

དེ་བཞིན་ང་ཚོའི་གྲོས་ཚོགས་ཚོགས་དུས་གཉིས་པ་འདི། རྩ་བའི་ཚོགས་གཙོ་གཉིས་ཀྱིས་གོ་བསྡུར་བྱས་པ་ལ། ཕྱི་ཟླ་ ༡༢ འདྲ་པོ་ཞིག་ལ་ཚོགས་ན་བསམས་པ་རེད། ཡིན་ནའང་གནས་སྟངས་མང་པོ་ཞིག་གི་ཐོག་ནས་ཕར་ཚུར་གོ་བསྡུར་བྱེད་དུས། ད་ལྟ་ཕྱི་ ལོ་ ༢༠༢༢ ནང་དུ་སླེབས་བསྡད་ཡོད་པ་རེད། དེའང་གཙོ་བོ་ག་རེ་རེད་ཟེར་ན། བར་སྐབས་ཤིག་བོད་མིའི་སྒྲིག་འཛུགས་ལའང་དཀའ་ངལ་ཆེན་པོ་ཞིག་བྱུང་དུས། དེའི་གནས་སྟངས་དེ་རྒྱུན་འདྲ་པོ་ཞིག་མཐུད་པར་ལས་སླ་པོ་ཞིག་མི་འདུག དཀའ་ངལ་མང་པོ་ཞིག་ཡོང་སྡོད་ཀྱི་འདུག ཡིན་ནའང། དཀའ་ངལ་དེ་ཚོ་བཟང་ཕྱོགས་ནས་གདོང་ལེན་བྱས་ནས། ད་ལྟ་ མཆོད་རྟེན་མགོ་མཇུག་ཟློག་ན། བང་རིམ་བརྒྱའི་སྐེད་པ། ང་ཚོ་བོད་ཀྱི་དཔེ་ཞིག་ཡོད་རེད། དཀའ་ངལ་ག་ཚོད་འཕྲད་པ་ཡིན་ནའང་སེམས་པ་བཞག་ས་འདྲ་པོ་ཞིག་དང་། གཞི་འཛིན་ས་འདྲ་པོ་ཞིག་བཟོ་ཐུབ་པ་ཡིན་ན། ང་ཚོའི་སྒྲིག་འཛུགས་ཀྱི་ཆེ་མཐོང་རེད། ལྷག་པར་དུ་ང་ཚོའི་སྒྲིག་འཛུགས་ལ་ཡིད་ཆེས་བྱེད་མཁན་བོད་མི་མང་ཚོགས་རེད། ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཕྱི་རྒྱལ་ཡིན་ནའང་འདྲ། དེ་བཞིན་ང་ཚོའི་གྲོགས་པོ་སུ་འདྲ་ཞིག་ཡིན་ནའང་། ང་ཚོར་ཡིད་ཆེས་དང་སེམས་ཤུགས་སླེབ་ཐུབ་པ་ཞིག ང་ཚོའི་ལས་དོན་ཐོག་ལ་སེམས་འགུལ་ཐེབས་ཐུབ་རྒྱུའི་གནས་སྟངས་དེ་བཟོ་ཐུབ་དགོས་རྒྱུ་དེ། ང་ཚོ་འདིའི་ནང་དུ་བཞུགས་མཁན་ཚོའི་ལས་འགན་ཆགས་དུས། དེ་འདྲ་ཞིག་ཡོང་བ་ལ་ང་ཚོ་ཚང་མས་འབད་བརྩོན་ཞུ་དགོས་རེད།

དེ་རིང་གི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་ལ་གཙོ་བོ་ང་ཚོའི་བཀུར་འོས་སྤྱི་འཐུས་རྒྱུན་ལས་རྣམ་པ་རེད། དེ་བཞིན་དཔལ་ལྡན་བཀའ་ཤག་རེད། ཚང་མས་མཐུན་འགྱུར་ཧ་ཅང་ཡག་པོ་གནང་སོང། དེ་ཡིན་དུས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་གཅིག་དང་། དེ་རིང་ང་ཚོས་གྲོས་ཚོགས་ཚོགས་དུས་གཉིས་པ་སྐྱོང་པའི་སྐབས་སུ། གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས་མཐུན་འགྱུར་ཞུ་མཁན་གཙོ་བོ་ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་སྡེ་ཚན། ཁོང་རྣམ་པས་གྲོས་ཚོགས་ལས་རིམ་དེ་ཚོ་ཐད་གཏོང་ཞུ་བཞིན་ཡོད་རེད། དེ་བཞིན་ང་ཚོའི་སྐད་སྦུག་དེ་ཚོ་དུས་ནས་དུས་སུ་ཁོང་རྣམ་པས་བཟོ་བཅོས་བརྒྱབ་ནས་འཐུས་ཤོར་མེད་པ་གནང་གི་ཡོད་རེད། དེ་ཡིན་དུས་ཕྱི་དྲིལ་སྒྲ་བརྙན་སྡེ་ཚན་རེད། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་ཐོག་ནས་གྲོས་ཚོགས་ནང་དུ་མཁའ་རླུང་གཙང་མ་བཟོ་ཆེད་ཀྱི་འཕྲུལ་ཆས་དེ་འདྲ་བཙུགས་ཡོད་རེད། དེ་བཞིན་སྔ་དྲོ་ང་ཚོ་ཡར་ཕེབས་པའི་སྐབས་སུ་ཡིན་ནའང་། ཕྱག་དུག་སེལ་གནང་རྒྱུ། དེ་བཞིན་ཚ་བ་བརྟག་དཔྱད་གནང་རྒྱུ། གང་ཅིའི་ཐོག་ནས་མཐུན་འགྱུར་གནང་བསྡད་པ་དེ་ཚོ་འཕྲོད་བསྟེན་དང་འབྲེལ་བའི་ཐོག་ནས་མཐུན་འགྱུར་གནང་བ། དེ་བཞིན་བདེ་སྲུང་ལས་ཁུངས་ཀྱི་ཐོག་ནས་ཕྱི་མི་ལྟ་རྟོག་བྱ་རྒྱུ། དེ་བཞིན་གྲོས་ཚོགས་ནང་དུ་རྒྱལ་སྒོ་ཁག་སྲུང་རྒྱུ་དང་། བདེ་སྲུང་དང་འབྲེལ་བའི་ཐོག་ནས་ལས་འགན་ཡོངས་སུ་རྫོགས་པའི་འགན་འཁུར་གྱི་ཡོད་རེད།

དེ་བཞིན་གྲོས་ཚོགས་ནང་དུ་ཡིག་ཆ་བཟོ་རྒྱུ་རེད། དེ་ཚོ་ཚང་མ་ང་ཚོའི་ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་དྲུང་མཆོག་དང་། དྲུང་འཕར་རྣམ་པ་གཉིས། གཤམ་འོག་ལས་བྱེད་ཡོངས་ཀྱི་འགན་འཁུར་ཆེན་པོ་ཞིག་བཞེས་ནས་ཕྱི་པོ་ཞེ་དྲག་ཅིག་ལྷག་སྡོད་ཀྱི་ཡོད་རེད། ད་ལྟའང་གྲོས་ཚོགས་ཚོགས་དུས་གསུམ་པའི་ཡིག་ཆ་ཁག་གྲ་སྒྲིག་བྱས་ནས་ལྷག་བསྡད་ཡོད་རེད། དེ་འདྲའི་ཐོག་ནས་འགན་འཁུར་ཆེན་པོ་བཞེས་གནང་སོང་། དེ་ཡིན་དུས་དེ་རིང་གི་གོ་སྐབས་འདིའི་བརྒྱུད་ནས་གོང་གསལ་ལྷན་ཁང་ཁག་རེད། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།