བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བདུན་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བདུན་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ཐོག་མར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་ “རྒྱ་དམར་གཞུང་གིས་གདན་ས་གསུམ་གྱི་གཙོས་རིས་མེད་དགོན་སྡེ་ཁག་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་པར་བཀའ་ཤག་གི་ངོས་ནས་གདོང་ལེན་གནང་ཐབས་ཀྱི་སྲིད་བྱུས་ག་རེ་ཡོད་དམ་” ཞེས་དང་། “རྒྱ་ནག་གཞུང་གིས་བྱེད་སྟངས་དང་འདྲ་བར་བཙན་བྱོལ་ནང་དུ་རེ་ཟུང་གིས་གདན་ས་ཁག་གི་དགེ་བའི་བཤེས་གཉེན་རྣམ་པ་དང་། དགེ་འདུན་སྤྱི་ལ་སྐུར་འདེབས་བྱེད་མཁན་དག་ལ་བཀའ་ཤག་གི་ངོས་ནས་གསལ་བཤད་དང་ལམ་སྟོན་གང་ཡོད་དམ་” ཞེས་དཔལ་ལྡན་བཀའ་ཤག་ལ་སྐར་རྟགས་ཅན་གྱི་དྲི་བ་ཕུལ་བར།

དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་ ༡) བཀའ་ཤག་གི་ངོས་ནས་རྒྱ་དམར་གཞུང་གི་བྱེད་བབ་དེ་དག་ལ་ངོ་རྒོལ་ཤུགས་ཆེ་དང་སྦྲགས། དུས་ནས་དུས་ནས་སུ་ལན་འདེབས་དང་། ངོ་སྤྲོད། ཞུ་གཏུག་བཅས་བྱས་དང་བྱེད་མུས་ཡིན་སྐོར་སོགས་དང་། ༢) བཙན་བྱོལ་ནང་ཁུལ་ནས་བོད་ཀྱི་བསྟན་སྲིད་རྩ་དོན་ཐོག་བྱས་རྗེས་དང་བཀའ་དྲིན་ཤིན་ཏུ་ཆེ་བའི་བོད་ཀྱི་གདན་ས་ཁག་གི་དགེ་བའི་བཤེས་གཉེན་རྣམ་པ་དང་། དགེ་འདུན་སྤྱི་ལ་གཞི་མེད་མཚན་སྨོད་དང་སྐུར་འདེབས་བྱེད་མཁན་སུ་མཆིས་དེ་དག་ནི། ཆོས་ཕྱོགས་ནས་ཉེས་པ་ཆེན་པོ་གསོག་མཁན་ཡིན་པ་མ་ཟད། བསྟན་པ་སྤྱིའི་ཞབས་འདྲེན་ཆེན་པོའང་ཡིན་པས། སླད་ཕྱིན་ཆད་ལམ་ནོར་ལྡོག་ཤེས་དགོས་པའི་སྐུལ་འདེབས་ནན་པོ་བྱ་རྒྱུ་ཡིན་ཞེས་གསུངས་གནང་སོང་།

དེ་རྗེས་འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས། སྦེལ་ཀོབ་འཚོ་བྱེད་སྨན་ཁང་དང་། ལྡི་ལི་སྨན་ཁང་། བསུ་ན་མདའ་ས་གནས་འཕྲོད་བསྟེན་སྨན་ཁང་། མངོན་དགའ་སློབ་གྲྭ་བཅས་ཀྱི་ཟུར་བཀོལ་གཏན་འབེབས་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་སྣེ་ལེན་འབྲེལ་མཐུད་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས།  ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས། སམ་བྷོ་ཊའི་བོད་སློབ་ཚོགས་པའི་ཟུར་བཀོལ་སྔོན་རྩིས། ནང་སྲིད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་བཅས་སྙན་སྒྲོན་གནང་རྗེས་གྲོས་ཚོགས་ནས་གཏན་འབེབས་དང་།

སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་ལྷོ་ཕྱོགས་གཞིས་སྤྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་གནས་ཁག་ལྔའི་ཟུར་བཀོལ་སྔོན་རྩིས་བྱུང་སོང་ཕྱོགས་བསྡོམས་འོག “བལ་ཡུལ་ཤར་ཁུམ་བདེ་ལེགས་གླིང་ས་གནས་འགོ་འཛིན་ལས་ཁུངས་” ཞེས་པའི་རྩིས་འགོར་སྤར་ཆའི་གྲོས་འཆར་བཏོན་གནང་བར། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་རྒྱབ་སྐྱོར་གནང་རྗེས་གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་དང་། དེ་བཞིན་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་དབུས་འོས་བསྡུ་ལས་ཁང་གི་དམིགས་བསལ་སྔོན་རྩིས་རྩིས་འགོར་གཅོག་ཆའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་རྒྱབ་སྐྱོར་གནང་རྗེས་གྲོས་ཚོགས་ནས་སྤྱི་མོས་ཐོག་ནས་གཏན་འབེབས་གནང་སོང་།

འཕྲོད་བསྟེན་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་ ༡༡ གིས་བགྲོ་གླེང་ཆ་ཤས་བླངས་ཡོད་ཅིང་། སྐབས་དེར་སྤྱི་འཐུས་རྣམ་པས་གཙོ་བོ་ལྡི་ལི་དང་རྡ་ས་སོགས་ལ་མྱོས་རྫས་ངན་གོམས་ཀྱི་དཀའ་ངལ་འཕྲད་པའི་བོད་མི་གཞོན་སྐྱེས་རྣམས་ལ་གཟིགས་རྟོག་གནང་གི་ཡོད་མེད་སྐོར་དང་། དགོན་སྡེ་ཁག་གིས་བཙུགས་པའི་སྨན་ཁང་ཁག་ནས་གྲྭ་བཙུན་ཙམ་མ་ཡིན་པར་བོད་མིའི་སྤྱི་ཚོགས་ནང་སྨན་བཅོས་ཀྱི་མཐུན་རྐྱེན་གང་ལེགས་བསྐྲུན་དང་སྐྲུན་བཞིན་ཡོད་སྟབས། མ་འོངས་པར་བོད་མིའི་སྒྲིག་འཛུགས་ངོས་ནས་དེ་དག་ལ་མཐུན་འགྱུར་གནང་དགོས་གནས། ཏོག་དབྱིབས་གཉན་རིམས་སྐབས་སེམས་ཀྱི་དཀའ་ངལ་སེལ་ཐབས་སུ་ནང་ཆོས་ངོ་སྤྲོད་སོགས་མུ་མཐུད་གནང་རྒྱུ་གལ་ཆེན་པོ་ཡིན་པ། ད་ལྟའི་ནད་ཡམས་ཀྱི་ཛ་དྲག་སྐབས་ལུས་ཟུངས་གསོ་རྒྱུ་གལ་ཆེན་པོ་ཡིན་པ། སྨན་བཅོས་ལྟ་སྐྱོང་ལས་གཞི་ཚགས་ཚུད་དུ་ཕྱིན་ཡོད་གནས། བོད་རིགས་རྩེད་འགྲན་ཚོགས་པའི་སྐོར། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མཐུན་འགྱུར་འོག་བོད་ཀྱི་སྨན་རྩིས་ཁང་ནས་ལུས་སེམས་གསོ་བྱེད་ཀྱི་སྨན་བགོ་འགྲེམས་གནང་དང་གནང་བཞིན་ཡོད་པ་དེས་བོད་མིའི་སྤྱི་ཚོགས་ནང་ཕན་ཐོགས་ཆེན་པོ་བྱུང་ཡོད་གནས་དང་། སློབ་གྲྭ་ཁག་གི་ནང་ལུས་སེམས་གསོ་བྱེད་ཀྱི་སྨན་བགོ་འགྲེམས་གནང་གལ་ཆེན་པོ་ཡིན་པ་སོགས་ཀྱི་དགོངས་ཚུལ་དང་། དོགས་འདྲི་ཕུལ་གནང་བར། དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ངོས་ནས་ལས་དོན་དེ་དག་ཐོག་གང་ཐུབ་གནང་བཞིན་ཡོད་སྐོར་དང་། དེ་བཞིན་ད་བར་བོད་མི་ཁྱོན་ ༦༣༣༦ ཙམ་ལ་སྔོན་འགོག་སྨན་ཁབ་བརྒྱབ་ཡོད་གནས་དང་། བདེ་ལེགས་སྨན་ཁང་དང་། ཧུན་སུར་སྨན་ཁང་། སྦེལ་ཀོབ་སྨན་ཁང་བཅས་གསུམ་ལ་སྔོན་འགོག་སྨན་བརྒྱབ་རྒྱུའི་ཆོག་མཆན་ཐོབ་ཡོད་སྐོར། སྤྱིར་སྒེར་གྱི་བསྟི་གནས་ཁང་ཁག་ལ་སྨན་ཁབ་བརྒྱབ་དུས་སྒོར་ ༢༥༠ སྤྲད་དགོས་སྐོར་དང་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་ལ་སྔོན་འགོག་སྨན་དང་། སྨན་ཁབ་རེ་ལེན་དུས་སྒོར་ ༢༥༠ རེ་འབུལ་དགོས་ཀྱང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཆབ་སྲིད་བཙོན་ཟུར་འབྲེལ་ཡོད་འབྲེལ་ཆགས་དང་། དམིགས་བསལ་དགོས་མཁོ་ཅན། ཉམ་ཐག རྒས་གསོ་ཁང་གི་རྒན་གཅོང་སོགས་ལ་རིན་མེད་སྨན་ཁབ་བརྒྱབ་བཞིན་ཡོད་གནས་སོགས་ཀྱི་ལན་འདེབས་གསལ་བཤད་གནང་སོང་། དེ་བཞིན་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་དུས་སྐབས་སུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་གཙོས་པའི་ཁྱབ་ཁོངས་ས་གནས་འགོ་འཛིན་ཁག་དང་། ས་གནས་སྨན་ཁང་ཁག་གི་སྨན་པ་དང་། སྨན་ཞབས་པ། དང་བླངས་པ། དེ་བཞིན་དགོན་སྡེ་དང་། ཚོགས་པ། མི་སྒེར་བཅས་ཚང་མས་ཕྱག་ལས་རྒྱ་ཆེ་གནང་བར་བསྔགས་བརྗོད་དང་། ལྷག་པར་དུ་ཏོག་དབྱིབས་གཉན་རིམས་ཛ་དྲག་དུས་སྐབས་སུ་རྒྱ་གར་གཞུང་མང་གཉིས་ནས་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་སོང་།

ཉིན་གུང་ཆུ་ཚོད་ ༡༢ ཐོག་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་མཆོག་གིས་སྟོང་པའི་དུས་ཚོད་བླངས་ཤིང་། སྐབས་དེར་གཙོ་བོ་སྤྱི་འཐུས་མཆོག་གིས་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་རྣམ་པས་ཤེས་ཡོན་དང་། ཆབ་སྲིད། སྤྱི་ཚོགས་ཞབས་ཞུ། བོད་དོན་ལས་འགུལ་སོགས་བོད་མིའི་འཐབ་རྩོད་ཐོག་གྲུབ་འབྲས་ཐོན་པའི་ཕྱག་ལས་གནང་བཞིན་ཡོད་པར་བསྔགས་བརྗོད་གནང་སོང་།

ཉིན་རྒྱབ་དཔལ་ལྡན་བཀའ་ཤག་གི་གསལ་བཤད་ལས་རིམ་ཐོག་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཀྱི་ཁྲིམས་ཇི་ལྟར་གཏན་འབེབས་བྱུང་ཚུལ་དང་། དེའི་ནང་དོན་སྙིང་བསྡུས། རྒྱ་གར་དང་། ཉི་འོང་། ཨོ་སི་ཀྲོ་ལི་ཡ། ཨ་རི་བཅས་རྒྱལ་ཁབ་བཞིའི་བདེ་སྲུང་འབྲེལ་མོལ་ (Quadrilateral Security Dialogue (Quad)) ཞེས་པའི་སྐོར་སོགས་ལ་ཞིབ་ཕྲའི་འགྲེལ་བརྗོད་གནང་རྗེས།

སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་དཔལ་ལྡན་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བཀུར་འོས་སྤྱི་འཐུས་རྣམ་པས་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་གནང་ཡོད་པ་དང་། བགྲོ་གླེང་ཐོག་སྤྱི་འཐུས་ ༡༩ ཡིས་ཆ་ཤས་བླངས་ཤིང་། སྐབས་དེར་སྤྱི་འཐུས་རྣམ་པས་ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཀྱི་ཁྲིམས་གཏན་འབེབས་གནང་ཐུབ་པར་ཨ་རིའི་གཞུང་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ། ཁྲིམས་འཆར་དེར་སྐུ་ལས་བསྐྱོན་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་དང་བསྔགས་བརྗོད་གནང་བ་མ་ཟད། རྒྱ་གར་དང་། ཡུ་རོབ་རྒྱལ་ཁབ་ཁག་ནང་དེ་ལྟར་བོད་དོན་ཐོག་རྒྱབ་སྐྱོར་ཐོབ་ཐབས་གནང་དགོས་སྐོར་སོགས་གསུངས་གནང་བ་དང་།  དེ་བཞིན་སྤྱི་འཐུས་རྣམ་པས་བཀའ་ཤག་གི་གསལ་བཤད་ཐོག་དོགས་འདྲི་སོགས་ཕུལ་གནང་ཡོད་པ་བཅས། །