དཔལ་ལྡན་ཚོགས་གཞོན་མཆོག་གཏོང་ལེན་སློབ་གྲྭའི་ཐུགས་རྗེ་ཆེ་ཞུའི་ཉིན་མོ་ཐེངས་ ༡༥ པའི་མཛད་སྒོར་དམིགས་བསལ་སྐུ་མགྲོན་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༩ ཉིན་རྡ་སའི་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་གཏོང་ལེན་སློབ་གྲྭར་གཏོང་ལེན་ཡིད་ཆེས་དགེ་རྩ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༡༥ འཁོར་བ་དང་བསྟུན། ཐུགས་རྗེ་ཆེ་ཞུའི་ཉིན་མོ་ཐེངས་ ༡༥ པའི་མཛད་སྒོ་ཞིག་འཚོགས་གནང་སོང་།

སྐབས་དེར་སྐུ་མགྲོན་གཙོ་བོར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མར་ (Shri.Shanta Kumar,Former Chief Minister of H.P and Former Convener of All Party Parliamentary Forum for Tibet) མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག གཞན་སྐུ་མགྲོན་དུ་རྒྱ་གར་སྤྱི་ཚོགས་ལས་འགུལ་བ་སློབ་དཔོན་སྐུ་ཞབས་ཨ་ཇེ་ ཤྲཱི་ཝསྟཱ་ཝ་ (Ajai Srivistava) ལགས་དང་། གཏོང་ལེན་སློབ་གྲྭའི་འགན་འཛིན་བློ་བཟང་འཇམ་དབྱངས་ལགས། ཚོགས་པའི་སྦྱིན་བདག་ཁག་ཅིག་དང་། གཏོང་ལེན་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང་སློབ་མའི་ཕ་མ་སོགས་ཕེབས་གནང་འདུག

དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སློབ་ཁང་དབུ་འབྱེད་དང་འབྲེལ། སྐུ་མགྲོན་རྣམས་དང་ལྷན་སློབ་ཁང་ནང་གཟིགས་སྐོར་དུ་ཕེབས་གནང་ཡོད་པ་དང་། དེ་ནས་མཛད་སྒོ་དངོས་གཞིའི་ཐོག་གཏོང་ལེན་སློབ་གྲྭའི་སློབ་ཕྲུག་ཚོས་སྐུ་མགྲོན་རྣམ་པར་རིམ་པས་རྒྱ་གར་མངའ་སྡེ་ཁག་འདྲ་མིན་དང་། བལ་པོའི་རིག་གཞུང་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་དང་། སློབ་དཔོན་སྐུ་ཞབས་ཨ་ཇེ་ ཤྲཱི་ཝསྟཱ་ཝ་ལགས། གཏོང་ལེན་འགན་འཛིན་བཅས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་དང་།  སྐུ་མགྲོན་གཙོ་བོ་མཆོག་གིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་གཙོས་གཞན་གཉིས་ལ་སྤྱི་ཚོགས་དང་བླངས་ཞབས་ཞུའི་ཆེ་བསྟོད་གཟེངས་རྟགས་ཕུལ་གནང་སོང་།

གཞི་རྩའི་གཏོང་ལེན་ཡིད་ཆེས་དགེ་རྩ་ཚོགས་པ་དེ་ནི་ཕྱི་ལོ་ ༢༠༠༤ ལོར་གྲྭ་བློ་བཟང་འཇམ་དབྱངས་ལགས་ཀྱིས་རྡ་ས་ཁུལ་དུ་ཡོད་པའི་རྒྱ་གར་དབུལ་ཕོངས་གྲོང་སྡེ་ཁག་གི་ཉམ་ཐག་ཕྲུ་གུ་ཚོར་ལྟ་སྐྱོང་ཆེད་འགོ་འཛུགས་གནང་བ་ཞིག་ཡིན་ཞིང་།  འདས་པའི་ལོ་ངོ་བཅུ་ལྔ་ལྷག་གི་རིང་ཚོགས་པའི་ངོས་ནས་ས་གནས་རྒྱ་གར་དབུལ་ཕོངས་ཉམ་ཐག་གི་ཕྲུ་གུ་ ༣༠༠ ལྷག་དང་། དེའི་ནང་སློབ་གྲྭ་མཐར་སོན་ཏེ་མཐོ་སློབ་ནང་སློབ་སྦྱོང་དང་ཉམས་ཞིབ་གནང་མཁན་སློབ་མ་གྲངས་ ༢༠ ལྷག་ཡོད་པ་བཅས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན། དེ་བཞིན་ནུས་སྟོབས་གོང་སྤེལ་སོགས་ཀྱི་ཐོག་རོགས་སྐྱོར་གནང་དང་གནང་མུས་ཡིན་པ་དང་།  ཚོགས་པའི་དཔལ་འབྱོར་མཐུན་འགྱུར་གཙོ་བོ་གནང་མཁན་ནི་༸གོང་ས་མཆོག་གི་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་དང་། གཞན་ཡང་ཨིན་ཡུལ་དང་ཕ་རན་སི་སོགས་ནང་ཡོད་པའི་ཡན་ལག་ཚོགས་པ་དང་། རྒྱལ་སྤྱིའི་སྦྱིན་བདག་ཁག་ཡིན་འདུག་པ་བཅས། །