དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཚ་བ་སྤྱི་ཁང་དབུ་འབྱེད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ཚ་བ་སྐྱིད་སྡུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚ་བ་སྤྱི་ཁང་གསར་པ་དབུ་འབྱེད་གནང་སོང་།

དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་།  དམིགས་བསལ་སྐུ་མགྲོན་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག དེ་བཞིན་ཚ་བ་སྐྱིད་སྡུག་གི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་ཡིས་གཙོས་དབུས་རྒྱུན་རྣམ་པ།   ས་གནས་མི་མང་བཅས་ཚང་འཛོམས་གནང་འདུག

དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། གོང་དུ་ལས་བསྡོམས་དང་། རྩིས་ཁྲ་ཁག་སྙན་སྒྲོན་ཞུས་གནང་བ་དང་། དེ་བཞིན་ཚ་བའི་ཁྱབ་ཁོངས་མི་སྣ་ཁག་ཅིག་གིས་གསུང་བཤད་གནང་བ་རྣམས་གཡང་རྩེའི་སྟེང་གི་ཡར་སྒྲོན་ཟེར་བ་ལྟར། དེ་རིང་བཀྲ་ཤིས་པའི་དུས་བཟང་འདིའི་ཐོག་ཚང་མས་འགན་འཁུར་བླངས་ཏེ་ཕྱག་ལས་ཧུར་ཐག་གནང་ཡོང་བ་མཐོང་དུས། ཚང་མས་མོས་མཐུན་དང་རྒྱབ་སྐྱོར་ཡོད་པའི་རྣམ་པ་འདྲ་པོ་ཡག་པོ་ཞེ་དྲག་བྱུང་སོང་། ངའི་ངོས་ནས་ཞུ་རྒྱུར། གཙོ་བོ་ཚ་བ་སྐྱིད་སྡུག་གི་རྒྱུན་ལས་སྔ་རྗེས་རེད། ལྷག་པར་དུ་ད་ལྟའི་རྒྱུན་ལས་ཀྱི་ཐོག་ནས་སྐུ་ལས་མང་པོ་ཞིག་བསྐྱོན་ཡོད་རེད།  དེ་བཞིན་དེའི་ཐོག་ལ་དཔལ་འབྱོར་གྱི་མཐུན་འགྱུར་གནང་མཁན་འབྲེལ་ཡོད་ཚང་མར། དངོས་སུ་སྤྱི་པས་བེད་སྤྱོད་གནང་སའི་ཚོགས་ཁང་ཞིག་འཛུགས་སྐྲུན་བྱས་ཐུབ་པ་དེར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

རྩ་བའི་ང་རང་ཚོ་བོད་མི་རིགས་ཟེར་བ་དེ་ཧ་ཅང་གི་གཟི་བརྗིད་དང་། རླབས་ཆེན་གྱི་བྱ་གཞག་འཇོག་མཁན་གྱི་མི་རིགས་ཤིག་ཏན་ཏན་ཆགས་བསྡད་ཀྱི་ཡོད། དུས་རྒྱུན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་ཀྱི་ཡོད་རེད། དཔེར་ན་རྣམ་པ་ཚོས་ད་ལྟའི་ཞབས་བྲོ་ཁ་ཤས་གཟིགས་འབུལ་ཞུས་ཡོད་རེད། ཞབས་བྲོའི་ནང་དོན་གཅིག་རེད། ལུས་ཀྱི་རྣམ་འགྱུར་སྟོན་སྟངས་དེ་ཚོ་སྤོབས་པ་སྐྱེ་འོས་པ་ཞིག་རེད། དེ་རིག་གཞུང་གི་ཆ་ཤས་ཆུང་ཆུང་ཞིག་རེད། རིག་གནས་ཆེ་བའི་ནང་དེ་ལས་ཀྱང་བྲོ་བ་ཆེ་བ་དང་། གཟི་བརྗིད་ཆེ་བ། སོ་སོར་སྤོབས་པ་སྐྱེ་རྒྱུའི་གཞི་ཡང་མང་བ་སླེབས་ཐུབ་རྒྱུ་ཡོད་པ་གསལ་པོ་ཞེ་དྲག་རེད།  ང་རང་ཚོ་ལས་ཀ་ལས་མཁན་དང་། སྤྱི་ཚོགས་ཀྱི་འབྲེལ་བ་དེ་འདྲའི་ཐོག་ནས་ཕར་སྟོན་ཐུབ་མི་ཐུབ་ཀྱི་གནས་སྟངས་ཤིག་ཆགས་ཀྱི་འདུག དེ་འདྲའི་རིགས་ལ་དོ་སྣང་བྱས་ནས་གང་ལྟར་ང་རང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་དང་། སྤོབས་པ་དེ་ཚོ་ཚུར་མངོན་ཐུབ་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། དེ་ཡིན་དུས་སྤྱི་ཡོངས་ནས་བོད་མི་རིགས་ཟེར་བ་དེ་རླབས་ཆེན་ཞིག་ཡིན་པ་དང་། ང་རང་ཚོའི་རིག་གཞུང་ཆུང་ཆུང་ཞིག་ལའང་དེ་འདྲ་བའི་སྤོབས་པ་སྐྱེ་འོས་པའི་གཞི་ཆགས་ཀྱི་ཡོད།

འོན་ཀྱང་དུས་རབས་ ༡༩ དང་། ༢༠ ནང་འཛམ་གླིང་སྟེང་འགྱུར་བ་ཤུགས་ཆེན་པོ་ཞེ་དྲག་ཕྱིན་ཡོད་པ་དང་། བོད་ཟེར་བ་དེ་འཛམ་གླིང་གི་མཐོ་སྒང་སྟེང་ཆགས་ཡོད་པ་དང་། རྒྱ་དམག་གིས་བཙན་འཛུལ་བྱས་རྗེས་བོད་ས་ཤོར་བ་དང་། ང་ཚོ་བཙན་བྱོལ་བའི་གནས་སྟངས་ཆགས་ཡོད། བཙན་བྱོལ་བའི་གནས་སྟངས་ཐོག་ང་ཚོ་ལོ་དྲུག་ཅུ་མ་ཟིན་ཙམ་འགྲོ་གི་ཡོད་རེད། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རེད། གནས་ཡུལ་རྒྱ་གར་གཞུང་གི་མཐུན་འགྱུར་ལ་བརྟེན་ནས་ང་ཚོ་དངོས་གནས་ཧ་ལས་དགོས་པ་དེ་འདྲ་མཇལ་ཡོང་གི་འདུག དཔེར་ན་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ཐོག་ལ་བསམ་བློ་བཏང་བ་ཡིན་ན། ཐོག་མར་མ་སུ་རི་ནས་འགོ་བཙུགས་ནས་ད་ལྟ་བར་མང་གཙོའི་ལམ་ལུགས་ཐོག་མདུན་སྐྱོད་ཆེན་པོ་ཞེ་དྲག་བྱུང་ཡོད། ཚང་མས་མིག་མཐོང་ལག་ཟིན་ཐུབ་པ་ཞིག་ཡོད་རེད། ལོ་བརྩིས་པ་ཡིན་ན་ལྔ་བཅུ་དྲུག་ཅུ་ཙམ་རེད། དེ་འདྲའི་གཟི་བརྗིད་ཆེ་བའི་གྲུབ་འབྲས་ཤིག་བསྟན་ཐུབ་ཡོད། དེ་བཞིན་ཆོས་ཕྱོགས་ཀྱི་ཐོག་ནས་ཞུས་པ་ཡིན་ནའང་། བོད་ལ་དུས་རབས་ ༧ དང་། ༨ པའི་ནང་ནང་ཆོས་དར་ཁྱབ་བྱུང་བ་རེད། དེར་དར་རྒུད་སྣ་ཚོགས་པ་བྱུང་ཡོད་པ་དང་། དེ་བཞིན་ང་ཚོའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་པོས་ཕྱག་དཔེ་མང་པོ་མཛད་བཞག་པ་མཇལ་རྒྱུ་ཡོད་པ། བཙན་བྱོལ་ནང་ལ་ཆ་བཞག་ནའང་ལོ་ལྔ་བཅུའི་ནང་ཆོས་སྡེ་ཁག་དེ་ཚོའི་གནས་སྟངས་ལ་བལྟས་པ་ཡིན་ན། མཁན་པོ་དང་། དགེ་བཤེས། དེ་ལས་གཞན་པའི་མཁས་གྲུབ་གཉིས་ལྡན། གཞུང་ཆེན་དག་ལ་ཕུལ་དུ་ཕྱིན་མཁན་མང་པོ་བྱུང་ཡོད་པ་དང་། དེང་སང་འཛམ་གླིང་སྟེང་ནང་ཆོས་ཀྱི་སྒྲ་མ་གྲགས་སའི་ནང་ལའང་ནང་ཆོས་ལ་དོ་སྣང་སླེབས་བསྡད་པའི་གནས་སྟངས་ཆགས་ཡོད་སྐོར་དང་།

ཁྱེད་ཚོའི་སྐྱིད་སྡུག་གི་ལས་ཀ་འགོ་འཛུགས་ལྟ་བུ་རེད། མུ་མཐུད་དེ་ཡར་རྒྱས་ཡོང་ཐབས་དང་། སོ་སོའི་ཁྱབ་ཁོངས་མི་མང་གི་འཚོ་བའི་གནས་སྟངས་སྐྱོ་པོ་ཡོད་མཁན་རྣམས་ལ་རོགས་ཕན་གནང་ཕྱོགས་དང་། དེ་བཞིན་ཁྱབ་ཁོངས་སློབ་ཕྲུག་རྣམས་ལ་སློབ་ཡོན་གནང་ཐབས་སོགས་ལ་གོ་བསྡུར་དང་། སྤྱི་པའི་ལས་དོན་ཐོག་ནུས་པ་མཉམ་སྤུངས་ཡོང་ཐབས། ནང་ཁུལ་མཐུན་ལམ་དགོས་པ་གལ་ཆེ་ཚུལ་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚ་བ་སྐྱིད་སྡུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྒྲིག་གཞིའི་དེབ་ཆུང་དབུ་འབྱེད་གནང་སོང་།  དེ་བཞིན་མཛད་སྒོའི་ཐོག་གཞས་སྣ་འཁྲབ་སྟོན་དང་། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་གསུང་བཤད་གནང་ཡོད་པ་དང་།  མཐར་ཚ་བ་སྐྱིད་སྡུག་གི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་སྤྱི་ཁང་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་གནང་ཡོད་པ་བཅས། །