སྦིར་བོད་ཁམས་བཟོ་གཞིས་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༠འཁོར་བའི་དུས་དྲན་མཛད་སྒོར་ལ་དཔལ་ལྡན་ཚོགས་གཙོ་མཆོག་དམིགས་བསལ་སྐུ་མགྲོན་དུ་ཕེབས་པ།

 

img_4666

ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༤།༥།༦ བཅས་ཉིན་གྲངས་གསུམ་རིང་སྦིར་བོད་ཁམས་བཟོ་གཞིས་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་པར་ལྟར་ཕྱི་ཚེས་ ༥ ཉིན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་མི་ཀི་ཤོར་རི་ལལ་མཆོག་དང་། སྲིད་ཚབ་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག ནང་སྲིད་དྲུང་ཆེ་ལས་ཚབ་འཆི་མེད་རིན་འཛིན་མཆོག དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་བསྟན་འཕེལ་མཆོག གཞན་ཡང་དཔལ་ལྡན་སྤྱི་ལྷན་ཚོགས་གཞོན་དང་སྤྱི་འཐུས་རྒྱུན་ལས་རྣམ་པ་སྐུ་མགྲོན་དུ་གདན་ཞུས་གནང་བ་ལྟར་དེ་ཉིན་གྱི་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་རེད། དེ་ཡང་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་ནས་བཀྲ་ཤིས་པའི་རྟེན་འབྲེལ་མཚོན་ཆེད་གསོལ་ཇ་འབྲས་བསིལ་འདེགས་འབུལ་གནང་ཡོད། གཞིས་མི་ཚོགས་དྲུང་ཨོ་རྒྱན་བསྟན་འཕེལ་ལགས་དང་དཀོན་མཆོག་ལྷ་མོ་ལགས་རྣམ་གཉིས་ནས་མཛད་རིམ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་བོད་ཧིན་གཉིས་ཐོག་ནས་གནང་། མཛད་སྒོའི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་སྐུ་མགྲོན་རྣམ་པས་མཇལ་དར་ཕུལ་བ་དང་། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་མཆོག་ནས་བོད་ཁམས་བཟོ་གཞིས་ཚོགས་པའི་ལོ་རྒྱུས་དངོས་ཀྱི་རྒྱབ་ལྗོངས་དང་འབྲེལ་བའི་ཐོག་ནས་གསུང་བཤད་གནང་ཡོད། བོད་ཁམས་བཟོ་གཞིས་ཚོགས་པའི་ཚོགས་གཙོ་སྡེ་དགེའི་སྲས་འཆི་མེད་རྡོ་རྗེ་བྱ་རྒོད་ཚང་མཆོག་ནས་དབྱིན་སྐད་ཐོག་བོད་ཁམས་བཟོ་གཞིས་ཚོགས་པའི་ལོ་རྒྱུས་དང་འབྲེལ་གསུང་བཤད་གནང་ཡོད། དེ་ནས་སྡེ་དགེ་བཟོ་གཞིས་ཚོགས་པའི་ཚོགས་དྲུང་དཀོན་མཆོག་ལྷ་མོ་ལགས་ནས་ཧིན་སྐད་ཐོག་བོད་ཁམས་བཟོ་གཞིས་ཚོགས་པའི་ལོ་རྒྱུས་དང་འབྲེལ་བའི་གསུང་བཤད་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གི་སྐུ་ཚབ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད། དེ་ནས་རྒྱ་གར་གྱི་སྐུ་མགྲོན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་མི་ཀི་ཤོར་རི་ལལ་མཆོག་ནས་གསུང་བཤད་སྙིང་བསྡུས་ཞིག་གནང་ཡོད།

img_4611

དམིགས་བསལ་སྐུ་མགྲོན་སྤྱི་ལྷན་གྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན་དུ། དེ་ཡང་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། དགེ་བཙུན། སློབ་ཕྲུག མི་མང་དང་ལས་བྱེད་ཡོངས་ལ་མཚམས་འདྲི་དང་འབྲེལ། ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པ་ནས་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་རྗེས་སུ་བོད་མི་ཁྲི་ཚོ་བརྒྱད་ལྷག་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་དགོས་བྱུང་། ཐོག་མར་ང་ཚོ་རྒྱ་གར་དུ་སླེབས་སྐབས་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མི་རབས་གོང་མ་རྣམས་ཀྱི་རྣམ་དཔྱོད་འགྲན་ཟླ་མེད་པའི་ཐོག་ནས་སྐུ་ངལ་འཛེམས་མེད་ཀྱི་ཕྱག་ལས་གནང་བའི་བཀའ་དྲིན་ཁོ་ན་ཡིན་པ་དང་། གཏེར་ཆེན་མཆོག་གླིང་པ་སྐུ་ཕྲེང་གསུམ་པ་པདྨ་འགྱུར་མེད་རྒྱ་མཚོ་མཆོག་དང་། ཆུ་སྒང་དམག་སྤྱི་ཟུར་པ་སྐབས་དེའི་མདོ་སྟོད་སྤྱི་འཐུས་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་མཆོག་གཉིས་ནས་ཕུགས་རྒྱང་རིང་པཔའི་དགོངས་བཞེས་ཀྱིས་ས་ཆ་སྤུས་གཟིགས་དང་། དེ་རྗེས་གཞིས་ཆགས་འཛུགས་བསྐྲུན་གནང་བ། གཞིས་ཆགས་འདི་ཡི་དབུ་དབྱེད་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད། བོད་མི་རིགས་ཀྱི་བསྟན་པ་ཆབ་སྲིད་ལ་གཞིས་ཆགས་འདིས་ཞབས་འདེགས་ཧུར་སྐྱེད་ཞུས་ཡོད་པའི་ངོས་འཛིན་ཀྱང་བྱེད་ཀྱི་ཡོད་ཅེས་གསུངས། འདས་པའི་ལོ་ ༥༠ ཐམ་པའི་བྱུང་རབས་རྣམས་དྲན་གསོ་ཞུ་རྒྱུ་དང་། གལ་ཆེ་བ་མ་འོངས་པའི་གཞིས་ཆགས་འདི་ཡི་འཛིན་སྐྱོང་ཡིན་ནའང་འདྲ། བོོད་མི་ཡི་ཆོས་དང་རིགས་གཞུང་སྐད་ཡིག་གོམས་གཤིས་སོགས་ལ་འཐུས་ཤོར་མེད་པ་རྒྱུན་འཛིན་དང་ཚགས་ཚུད་ཡར་རྒྱས་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས་རྒྱུ་གལ་ཆེ་ཡིན་པ་དང་། དེ་བཞིན་བོད་མི་ཡི་འཐབ་རྩོད་ཐོག་ལའང་ཐུགས་སྣང་གནང་དགོས་རྒྱུ་གལ་ཆེ་ཡིན་པའི་སྐོར་སོགས་བཅས་གསུངས། དེ་རྗེས་དེ་རིང་ལོ་ ༥༠ འཁོར་བའི་དུས་དྲན་དང་འབྲེལ་བའི་ཐོག་ཕྱག་ལས་གནང་མཁན་རྣམས་ལ་ངོས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཚང་མ་ལ་སླར་ཡང་བཀྲ་ཤིས་བདེ་ལེགས་དང་། ཐུགས་བརྗེ་ཆེ་ཞེས་གསུངས། སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་སུར་སྡིར་ཤར་མ་མཆོག་ཛ་དྲག་གི་བློན་ཆེན་ལྷན་ཚོགས་སུ་ཕེབས་དགོས་བྱུང་བ་བརྟེན་ཁོང་གི་གསུང་བཤད་སྒྲ་འཇུག་ཐོག་ནས་བཏང་ཡོད།

 

དེ་ནས་བོད་ཁམས་བཟོ་གཞིས་ཚོགས་པའི་ལྔ་བཅུའི་དྲན་དེབ་དེ་བཞིན་དཔལ་ལྡན་སྤྱི་ལྷན་ཚོགས་གཙོ་མཆོག་དང་རྒྱ་གར་གྱི་སྐུ་མགྲོན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་མི་ཀི་ཤོར་རི་ལལ་མཆོག་རྣམ་གཉིས་ནས་དབུ་འབྱེད་གནང་ཡོད། རིགས་གཞུང་ཚོགས་པ་ཁག་གསུམ་ནས་གཞས་སྣ་རེར་གཟིགས་འབུལ་ཞུས་གནང་། སྐུ་མགྲོན་རྣམ་པ་སོ་སོ་ནས་དབྱུག་རྩེད་སྤོ་ལོ་འགྲན་བསྡུར་གྱི་བྱ་དགའ་གནང་ཡོད། སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་རྣམས་ལ་དུས་དྲན་གོ་སྒྲིག་ཚོགས་ཆུང་ནས་རྟེན་འབྲེལ་མཚོན་བྱེད་ཕྱག་རྟགས་ཀྱང་ཕུལ་ཡོད། མཛད་སྒོའི་མཇུག་ཏུ་བོད་ཁམས་བཟོ་གཞིས་ཚོགས་པའི་ཚོགས་གཞོན་སྲས་འཇམ་དབྱངས་རྒྱལ་མཚན་ལགས་ནས་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་ནས་མཛད་རིམ་ལེགས་གྲུབ་བྱུང་ཡོད་པའི་གནས་ཚུལ་དུ།།