སི་ཀོཊ་ལེནྜ་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་གཙོ་བོར་གྱུར་པའི་བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་པ་གསལ་སྟོན་གནང་བ།

 

༄༅། །སི་ཀོཊ་ལེནྜ་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་གཙོ་བོར་གྱུར་པའི་བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་པ་གསལ་སྟོན་གནང་འདུག

དེ་ཡང་གཟའ་འཁོར་འདིའི་ནང་སི་ཀོཊ་ལེནྜ་གྲོས་ཚོགས་འཚོགས་བཞིན་པའི་སྐབས་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱོ་སི་ གྷིར་ (Ross Greer) ལགས་ཀྱིས་སླེབས་ལ་ཉེ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་སྲུང་བརྩི་དང་བསྟུན། སི་ཀོཊ་ལེནྜ་གཞུང་ནས་ཡུལ་དེར་གནས་འཁོད་ནང་པའི་སྤྱི་ཚོགས་དང་ལྷན་དུ་སྲུང་བརྩི་ཞུ་འཆར་ཡོད་མེད་བཀའ་འདྲི་ཞུས་པར། སི་ཀོཊ་ལེནྜ་ཡི་བློན་ཆེན་ལྕམ་སྐུ་ཀའུ་ཀན་སི་ཊུ་ཝཊ་ (Kaukan Stewart) མཆོག་གིས་སི་ཀོཊ་ལེནྜ་གཞུང་གི་ངོས་ནས་ཡུལ་དེའི་ནང་ཡོད་པའི་ནང་པ་ཐེ་བའི་ཆོས་ལུགས་ཡོངས་ལ་བརྩི་བཀུར་ཞུ་བཞིན་ཡོད་པ་ལྟར། འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་སྦྲགས། མགོན་པོ་གང་ཉིད་མཆོག་དང་སི་ཀོཊ་ལེནྜ་ནང་གི་ནང་པའི་རྗེས་འབྲངས་པ་ཚོས་སི་ཀོཊ་ལེནྜ་ནང་དུ་ཞི་བདེ་དང་བྱམས་སྙིང་རྗེ་གོང་སྤེལ་གྱི་ལས་དོན་ལ་ཡི་རངས་ཞུས་འདུག

ལྷག་པར་གྲོས་ཚོགས་འཐུས་མི་སྐུ་ཞབས་སྐུ་ཞབས་རཱོ་སི་ གྷིར་ལགས་ཀྱིས་ལོ་ངོ་ ༣༠ སྔོན་ལ་རྒྱ་ནག་གཞུང་གིས་དགུང་གྲངས་ ༦ ལ་ཕེབས་པའི་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་འཛིན་བཟུང་བཙན་ཁྲིད་ཀྱིས་པཎ་ཆེན་རྫུན་མ་ཞིག་བསྐོ་གཞག་བྱས་ཡོད་པ་ལྟར། མ་འོངས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཐོག་ལའང་རྒྱ་ནག་གཞུང་ངོས་ནས་དེ་ལྟ་བུའི་ངན་བྱུས་བསྐྱར་ལྡབ་བྱེད་སྲིད་པའི་ཐོག་ལ་བོད་མི་ཚོས་སེམས་འཚབ་བྱེད་བཞིན་ཡོད་པ་གསལ་སྟོན་གནང་བ་དང་འབྲེལ། བོད་བརྒྱུད་ནང་བསྟན་གྱི་ལམ་ལུགས་གཞིར་བཞག་ངོས་འཛིན་མཛད་པའི་མ་འོངས་༸སྐུའི་ཡང་སྲིད་དེ་ཁོ་ནར་ངོས་འཛིན་གནང་རྒྱུ་ཡིན་མིན་ཐད་སི་ཀོཊ་ལེནྜ་གཞུང་གི་བཞེངས་ཕྱོགས་གང་ཡིན་བཀའ་འདྲི་ཞུས་པར། སྐབས་དེར་བློན་ཆེན་མཆོག་གིས་སི་ཀོཊ་ལེནྜ་གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་གི་གཞི་རྩའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་བའི་ཐོག་ཕྱི་ཕྱོགས་ནས་ཐེ་བྱུས་མེད་པར་བོད་མི་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་རང་དབང་ཡོད་པ་ནན་བརྗོད་གནང་འདུག

བོད་མིའི་སྒྲིག་འཛུགས་དྲྭ་རྒྱ་ལས་བཤུས།